ཁྱོད་ལ་བཏམས་པའི་གདུགས།

ཨ་ཀྲད།        2020-04-23

དགུན་ཁ་ཚེས་ནས་ཁ་བ་འབབ་དུས་སུ།།

ཆལ་ཆིལ་གངས་ཀྱི་ཉམས་ཀྱིས་ཁྱོད་རང་རྒྱན།།

ཁ་བའི་མི་ཞིག་བཟོས་ན་ཅི་འདྲ་རེད།།

མི་དེ་ཁྱོད་རང་བྱས་ན་ཅི་འདྲ་རེད།།

ཧ་རི་ཙན་དན་འདར་བའི་མི་ཞིག་བྱོས།།

བར་ཐག་ཆགས་ཞེན་ཟེར་ན་འདི་འདྲ་རེད།།

བར་ཐག་ཆགས་ཞེན་དེའང་མ་ཤེས་ན།།

ཟླ་བ་བྲལ་རྗེས་ཀུ་མུད་འཁུམ་འདྲ་ཡོད།།

དགུན་ཁ་ཚེས་ནས་ཁ་བ་འབབ་དུས་སུ།།

ཆལ་ཆིལ་གངས་ཀྱི་ཉམས་ཀྱིས་ཁྱོད་རང་རྒྱན།།

ལྷས་རར་སྒྲུང་ཞིག་བཤད་ན་ཅི་འདྲ་རེད།།

སྒྲུང་དེ་ཁྱོད་རང་བྱས་ན་ཅི་འདྲ་རེད།།

ལྷ་སྒྲུང་རིང་མོ་ལྟ་བུའི་སྒྲུང་ཞིག་ཤོད།།

སེམས་ཀྱི་ལན་ཆགས་བཤད་ན་དེ་འདྲ་རེད།།

སེམས་ཀྱི་ལན་ཆགས་དེའང་མ་ཤེས་ན།།

གནམ་ངོ་ཡག་རྗེས་ཆར་བ་འབབ་འདྲ་ཡོད།།

དགུན་ཁ་ཚེས་ནས་ཁ་བ་འབབ་དུས་སུ།།

ཆལ་ཆིལ་གངས་ཀྱི་ཉམས་ཀྱིས་ཁྱོད་རང་རྒྱན།།

དོ་ནུབ་ཆང་ཞིག་འཐུང་ན་ཅི་འདྲ་རེད།།

ཆང་དེ་ཁྱོད་རང་བྱས་ན་ཅི་འདྲ་རེད།།

བཏུང་བར་མཐའ་མོ་མེད་པའི་ཆང་ཞིག་བྱོས།།

ཁྱོད་ལ་སྙན་ངག་བྲིས་ན་དེ་འདྲ་རེད།།

ཁྱོད་ལ་སྙན་ངག་འབྲི་ཚུལ་མ་ཤེས་ན།།

ཆགས་པའི་མིག་གི་ཁབ་རིང་མ་འདྲ་ཡོད།།

              


  • ལེ་ཚན་སྔོན་མ།:དབྱངས་ཅན་ལྷ་མོར་བསྟོད་པ་སྙན་ཚིག་དབྱངས་ཀྱི་རྒྱུད་སྐུད།
  • ལེ་ཚན་རྗེས་མ།:ཕ་ཡུལ་དྲན་པའི་ཆིག་ལབ།