ཕ་ཡུལ་དྲན་པའི་ཆིག་ལབ།

ཨ་ཁུ།        2020-04-23

    གཞན་ཡུལ་གཡུ་ཡི་མེ་ལོང་ལྟ་བུའི་མཚར་སྡུག་གིས་ལྷ་ཡུལ་ལ་འགྲན་ཟེར་ཡང་། སེམས་ཀྱི་ཁང་པའི་སྦུག་ན་ཉར་བའི་ཕ་ཡུལ་དྲན་པའི་མེ་སྟག་ཤི་རོ་དེ། མཐོན་མཐིང་ཨ་སྔོན་མཐོངས་སུ་ལྡིང་བའི་སྤྲིན་དཀར་ལེབ་མོ་དང་། ཉེ་ལོགས་ལྗང་མདངས་རྒྱས་པའི་དེའུ་འབུར་དག་གཟུགས་འཛིན་ལམ་དུ་རྒྱུ་བའི་སྐད་ཅིག་ལ། ཡིད་ཀྱིས་བསེར་བུས་མེ་སྟག་ཤི་རོ་དེ་དམར་ཆེམ་མེར་བཏང་ཞིང་ཚ་དྲོད་དེ་ཁྱོན་ཡངས་ཀྱི་དྲན་པའི་སྟེང་དུ་ཁྱབ། ཕ་ཡུལ་ན་ཡང་། ནམ་མཁའ་འདི་ལྟར་སྔོ་ལ། སྤྲིན་པ་ཡང་འདི་ལྟར་དཀར་ངེས།བྱ་བྱེའུ་ཡི་འགྲེ་འགྱུར་སྙན་མོའི་དཀྱིལ་དུ་དབྱར་གྱི་བུ་མོ་ཕ་ཡུལ་གྱི་རི་ཀླུང་ཀུན་ཏུ་སྒེག་ཉམས་སྟོན་བཞིན། ཕ་ཡུལ་གྱི་དབྱར་མདངས་དེ་གྲང་རེག་རྒན་མོའི་རྩུབ་བྱ་ལས་ཁྱད་པར་བླ་མེད་འཆོར་བའི་བཟའ་ཟླ་རུམ་པ་ལྟ་བུའི་དྲོ་འཇམ་གྱི་སྐྱིད་མལ་ཞིག་གཏན་གཏན་ཆགས་ཡོད།

    དྲན་བྱུང་། མ་གཞི་གྲོང་ཁྱེར་འདུ་འཛིའི་དཀྱིལ་འཁོར་དུ་ཤ་ལུས་བདེ་བ་སྐྱོང་བའི་ཨར་ཁང་། དྲྭ་ཁང་། ཆང་ཁང་སོགས་བགྲང་ཡས་ཀྱང་། དྲན་པ་དེ་བསྐྱར་དུ་སོས་དུས། མཚན་མོའི་སྟོང་སང་སང་གི་ཁྲོམ་ལམ་དང་ཁྲ་ཆིལ་ཆིལ་གྱི་ལམ་སྒྲོན་དག་ལས། ཕ་ཡུལ། གློ་རྒྱག་ཏུ་དྲན་པའི་རབ་ཁ་བརྒལ་ནས་ཡོང་གིན་འདུག མཚན་མོ་ཕ་ཡུལ་ན། སྐབས་སྐབས་ཀྱི་སྒོ་ཁྱིའི་ཟུག་རྔུ་དེ་དང་འུག་སྐད་འདྲ་ཡོད་ཆོག་ཀྱང་དེ་ལྟར་དུ་མཚན་མོའི་ཁ་དོག་ཅིག་ཏུ་གྲུབ་ཀྱིན། ཟླ་འོད་ཀྱི་མལ་ཡོལ་བཏང་པའི་ཕ་ཡུལ་གྱི་མཚན་མོ་འཇམ་ཐིང་ཐིང་ཞིག་ཏུ་བརྩི་ཆོག

    དྲན་བྱུང་། མ་གཞི་ཅོག་སྒོར་སྟེང་གི་རླངས་པ་ཐུལ་ཐུལ་གྱི་རྒྱ་ཚལ་ལེའུ་ནས་ལེའུར་མཐུད་པ་དག་དང་། ཟས་ཅོག་ནར་མོའི་སྟེང་གི་བོད་ཟས་དཀར་ལེ་ནས་དམར་ལེ་སྦྲེལ་བ་དག མཐོང་འདོད་པའི་སྒྱུ་རྩལ་དང་ཟ་འདོད་པའི་དང་གའི་དགེ་མཚན་གྱིས་ཕྱུག་ཀྱང་། བྲོ་བ་དག་སྨན་སྣ་ཡིས་བསྒྱུར་ཏེ་ལྷན་སྐྱེས་ཀྱི་བྲོ་བ་དག་མ་ཆེན་གྱིས་ཐབ་ཚང་དུ་སྔ་ས་ནས་བཀྲོངས་ཟིན་དུས། ལྕེ་རྩེ་བྲོ་རྩི་ཡིས་བེར་ཏེ། ཐོལ་དུ་ཕ་ཡུལ་ན་ཡོད་པའི་ཟྭ་ཐུག་སླ་པོ་དང་ཐུད་རུལ་སྐྱ་བོ་དེ་ཚོ་དྲན་པའི་འཆར་ཤེལ་ངོས་ལྡིང་ཞིང་། ཕ་མའི་ལག་བཅུད་དག་ལྕེའི་སྐྱི་ལྤགས་ཀྱི་འོག་གི་འོག་ཏུ་ལྷག་པའི་རེག་བྱ་གཤིན་པོ་དེ་ན་རོ་ལངས་རྒྱག་བཞིན་འདུག

     དྲན་བྱུང་། མ་གཞི་ཨར་འདམ་གྱི་བ་གམ་རྡོ་ཡི་མཁར་རྫོང་འདྲ་བའི་གྲོང་ཁྱེར་དུ་གཞིས་ཆགས་ཏེ་ལོ་ཟླ་མང་པོ་ཞིག་ཉིན་མཚན་ཐུན་དྲུག་གི་འཁོར་འགྲོས་དང་ལྷན་དུ་རྒྱབ་ཏུ་འཕེན་ཟིན་ཡང་། ཕ་ཡུལ། སྔར་མུས་བཞིན་བསམ་པའི་རྒྱགས་ཕྱེ་ཞིག ཁ་ནས་གླེང་ཚེ་སྤྲོ་བ་ཡིས་ལུས་སེམས་དྲོད་ཅིང་། ཁོག་ཏུ་ཉར་ཚེ་དྲན་སེམས་ཀྱིས་བཟི་ཆོག་པའི་ས་ཆ་ཞིག སླར་ཡང་བགྲང་བྱ་མང་པོ་ཞིག་ཕར་ལ་འདས་རྗེས། ངའི་བུ་མོས་ཕ་ཡུལ་གླེང་ཚེ། ད་ལྟ་གནས་བཅའ་སའི་གྲོང་ཁྱེར་འདི་གླེང་ངམ། ཡང་ན་ངའི་དྲན་པའི་ནང་གི་ཕ་ཡུལ་དེ་གླེང་སྲིད། སྐབས་དེ་དུས་ངེད་རང་ནང་བཞིན་ཕ་ཡུལ་དྲན་བྱུང་ཟེར་ནས་ཅི་ཞིག་བྲིས་སྲིད་དམ།

     གང་ལྟར། ཕ་ཡུལ་དྲན་བྱུང་། དྲན་པ་དེས་ངའི་ལུས་པོ་འདི་མུག་ཟ་བྱེད་བཞིན་འདུག དྲན་པ་དེས་ངའི་སྣང་བ་དེ་འཁྱོག་བགྲོད་བྱེད་བཞིན་འདུག ད་ལོ་ངེས་པར་དུ་ཕ་ཡུལ་ལ་ལོག་འགྲོ། རི་ཀླུང་མེ་ཏོག་གི་མཛེས་རྒྱན་ཡལ་ཡང་། ཆུ་མོ་སྒྲ་བསྒྲོགས་ཀྱི་མགྲིན་པ་འགག་ཀྱང་། ཞིང་ཐང་ཐལ་བ་ཡིས་འཁྲབ་ར་ཆགས་ཀྱང་། ལོག་འགྲོ། ཕ་ཡུལ་ན་ཕ་ཡུལ་གྱི་མཛེས་ཉམས་ཡོད། ཕ་ཡུལ་ན་ཕ་ཡུལ་གྱི་བརྩེ་བ་ཡོད། ཕ་ཡུལ་ན་སེམས་པ་གསོ་བའི་སྨན་ཞིག་ཀྱང་ཡོད། 


  • ལེ་ཚན་སྔོན་མ།:ཁྱོད་ལ་བཏམས་པའི་གདུགས།
  • ལེ་ཚན་རྗེས་མ།:སོས་ཀའི་སྣང་བ།