ཨ་རིག་འཇིགས་མེད། 2020-04-20
སྔོན་རོལ་འཕགས་ཡུལ་ཆུ་གཏེར་འོ་མཚོ་ལས།།
སྙན་འཇེབས་སྒྲ་མང་དབྱར་རྔ་སྒྲོག་པ་ཡིས།།
རིག་བྱེད་དབང་བོའི་ཡིད་རླུང་རབ་གཡོས་ཏེ།།
ལྷ་རྫིང་མ་ལས་ཚངས་པའི་སྲས་མོ་བཙས།།
ཉ་གང་ཟླ་ཤེལ་གསར་བའི་སྐུ་གཟུགས་ཀྱིས།།
སྐྱེ་འགྲོ་བློ་ཡི་ཀུ་མུད་རབ་ཏུ་རྒྱས།།
ཟེའུ་འབྲས་ངག་གི་གསུང་དབྱངས་རྒོད་པའི་དབུས།།
མགྲིན་པའི་བུང་བས་གར་གྱི་སྟངས་སྟབས་བསྒྱུར།།
རབ་མཛེས་པད་མའི་གུར་ཁང་ལ་གནས་པའི།།
ཆེས་ཆེར་བཀྲ་བའི་ལང་ཚོའི་མདངས་འོད་ཀྱིས།།
སྒྲིབ་གཉིས་མུན་པ་སྟུག་པོ་འཇོམས་མཛད་མར།།
ལེགས་བཤད་ངག་གི་བདུད་རྩིའི་དངོས་གྲུབ་ཞུ།།
ཕུན་ཚོགས་དགེ་ལེགས་རྒྱན་གྱི་དོ་ཤལ་འཆང་།།
ཟབ་དོན་ཆོས་ཀྱི་བདེན་པའི་ཕྲ་ཚོམ་བསྟར།།
སྤང་རྟོགས་ཡོན་ཏན་འོད་ཟེར་དཀྱིལ་འཁོར་རྒྱས།།
རྒྱལ་ཀུན་ཤེས་རབ་ཡུམ་གྱུར་དབྱངས་ཅན་མ།།
མཁྱེན་བརྩེ་ཕ་མཐའ་གཞལ་བའི་ལྷ་ལམ་དུ།།
སྙིང་རྗེའི་ཆུ་འཛིན་ཕྲེང་བའི་ཚོགས་རྣམས་རྒྱུ།།
ཤེས་རབ་གློག་ཞག་འཁྱུགས་པའི་གཞི་ལ་ནི།།
ངག་གི་ལྷ་མོ་བློ་གསལ་ཚོགས་ཀྱིས་བརྒྱན།།
ཞིང་མཆོག་འདི་ནས་ངག་དབང་ལྷ་མོ་ཡིས།།
སྐལ་བཟང་གདུལ་བྱར་ཆོས་ཀྱི་འཁོར་ལོ་བསྐོར།།
ལེགས་བཤད་གྲུ་ཆར་གཅིག་ཏུ་འབེབས་པ་ཅན།།
འགྲོ་བ་ཐམས་ཅད་གཏན་བདེ་ས་ལ་བཀོད།།
ཞལ་ཁྱིམ་སྒྲ་ཡི་བང་མཛོད་ཆེན་མོ་ལས།།
སྙན་ཚིག་རིན་ཆེན་ལས་གྲུབ་ཅི་ཡང་འབྱུང་།།
ངག་གི་འདོད་དགུའི་ལོངས་སྤྱོད་ཡོངས་ལྡན་པས།།
ནོར་འདོད་སྐྱེ་འགྲོའི་ཚོགས་རྣམས་བློ་སེམས་འཚེངས།།
ཏམ་བུ་ར་ཡི་བེེ་ཌྱ་སྔོན་པོའི་རྒྱུད།།
འོད་ཀྱི་དྲ་བ་དྲ་བྱད་ཕྱོགས་ཀུན་འཚེར།།
སྐྱེ་དགུ་བློ་ཡི་ཨུད་པལ་དཀར་བོ་ཡི།།
གེ་སར་དབུས་ན་འོད་ཀྱི་གློག་ཞགས་འཁྱུགས།།
བྱམས་བརྩེའི་བདག་ཉིད་རང་གཟུགས་བརྟན་ཅིང་བརྗིད།།
དམིགས་མེད་ཐུགས་རྗེ་འོད་ཟེར་དཔག་བསམ་ཤིང་།།
སྙིང་རྗེ་སྤྱན་ཟུང་འདབ་མ་གཡོ་བ་ལ།།
རྨོངས་པའི་ཡིད་ཀྱི་བརྟན་པ་ཅིག་ཅར་འཕྲོག།
དགེ་ལེགས་ཡེ་ཤེས་མཁྱེན་བརྩེའི་འཁྲི་ཤིང་ལ།།
བློ་གྲོས་མེ་ཏོག་འདབ་མ་ཅི་ཡང་བཞད།།
རིག་བྱེད་ཚིག་གི་འབྱུང་གནས་ངག་གི་སྒོར།།
མཛེས་སྡུག་ཨུ་དུམ་ཝ་ར་མང་དུ་བཞད།།
ལྷུན་གྲུབ་འཕྲིན་ལས་ཉི་མ་སྟོང་གི་འོད།།
སྲིད་གསུམ་གྲོང་ན་ཟེར་གྱི་འཛུམ་ཕྲེང་ངོམ།།
མཚར་སྡུག་ཆུ་སྐྱེས་སྔོན་མོའི་འདབ་ཟུང་དག།
ཟུམ་པར་གྱུར་ཕྱིར་འོད་ཅན་མིན་པར་གྲུབ།།
རྩོམ་གསར། 10