ཕ་ཡུལ་གླེང་བ།

འོད་གྲུ།        2020-04-20

ཕ་ཡུལ་གླེང་བ།

སྤྲིན་དཀར་འཇའ་ཚོན་འཁྱིལ་བའི་མཁའ་དབྱིངས།།

སྣ་ཚོགས་མེ་ཏོག་ལྡེམ་པའི་སྐྱེད་ཚལ།།

གཟུགས་མེད་ཚོར་འདུ་འབྲི་སའི་ཤོག་དཀར།།

འཆར་སྣང་རླུང་ལ་སྐྱོན་པའི་འཛུམ་སྒེག


ཡིག་ཆུང་མུ་ཏིག་བསྟར་བའི་འཚོ་བ།།

དགའ་སྡུག་སྤྲིན་པ་འཁྱིལ་བའི་གླིང་ཕྲན།།

སྐྱེ་ཉིན་ངུ་སྐད་འཐོར་སའི་གཞིས་ཀ།

འཆི་ཉིན་བང་སོ་བཞག་སའི་གནས་མལ།།


འཚོ་བའི་རྨི་ལམ་འབྲི་བའི་ཕ་ས།།

ཉི་མའི་སྒྲུང་རིང་འཆད་སའི་ཕོ་བྲང་།།

ལང་ཚོའི་སྐྱེ་གཟུགས་འཁྲུངས་སའི་མཚོ་མོ།།

མི་རྐང་གླིང་བུར་བྱས་སའི་དུར་ཁྲོད།།


ཡིད་བརྙན་ཚོར་གཟུགས་འདུ་སའི་ཞེན་ཡུལ།།

རྨི་ལམ་འཁྱོག་པོ་འབྲི་སའི་སྒང་པ།།

ཕྱི་མིག་སྟོང་ཕྲག་ཤོར་སའི་འཇིག་རྟེན།།

དགའ་སྐྱོ་སྨྲེང་སེམས་ལྕི་སའི་གཞིས་ཁྱིམ།།


ཐ་སྙད་མེ་ལྕེ་སྒྲོན་སའི་མུན་གྲོང་།།

གནའ་བོའི་གཏམ་རྒྱུད་འཆད་སའི་མཁར་གྲོང་།།

ཚོར་འདུ་ཡམ་ཡོམ་འབྲི་སའི་ཤོག་དཀར།།

གཙང་བོའི་གླུ་སྐད་འཐོར་སའི་སྤང་ལྗོངས།།


ཉི་ཟླ་ཐོད་ལ་བཏེགས་སའི་ཕ་ཡུལ།།

སྐྱིད་ན་སྐྱིད་ཀྱིས་རླུང་རྟ་དར་ས།།

སྡུག་ན་སྡུག་གིས་རྨི་ལམ་སྐྱོར་ས།།

སྐྱེ་བ་ཐེངས་གཅིག་འཁྲུངས་སའི་ཁྱིམ་གཞིས།།

  • ལེ་ཚན་སྔོན་མ།:གཡུ་སྦྲང་སྔོན་མོའི་དབྱངས་རྟ།
  • ལེ་ཚན་རྗེས་མ།:དབྱངས་ཅན་ལྷ་མོར་བསྟོད་པ་སྙན་ཚིག་དབྱངས་ཀྱི་རྒྱུད་སྐུད།