གཡུ་སྦྲང་སྔོན་མོའི་དབྱངས་རྟ།

དབུ་འཇིགས་མེད།        2020-04-17

ས་ཆེན་དཀྱིལ་འཁོར་ཡངས་བའི་ཐང་།།

པདྨའི་ཚོགས་ཀྱིས་འདབ་སྟོང་གྲོལ།།

གཡུ་སྦྲང་མེ་ཏོག་འཁྱུད་པའི་གར།།

སྤང་ཆེན་ཁུག་ནས་ཞེ་འདང་བསྟན།།


ཨ་སྔོན་དབྱིངས་སུ་སྤྲིན་དཀར་འཁྱིལ།།

དབྱར་ཀྱི་མེ་ཏོག་འཛུམ་མདངས་ཡལ།།

སྦྲང་མའི་སྐྱོ་དབྱངས་མགུར་གླུ་བླངས།།

ཚོགས་དྲུག་སྣང་བ་སྡུག་གིས་མནར།།


ཁ་མདོག་དཀར་དམར་འཇའ་ཚོན་ཅན།།

རླུང་གིས་གཡོ་བའི་སྒེག་འཛུམ་ཅན།།

སྐལ་ལྡན་ལས་འཕྲོ་སྦྲང་མའི་ཚོགས།།

རྣམ་ཤེས་ཁྲ་མོ་ཁྱོད་ལ་བསྙེགས།།


དགུན་གྱི་ཁ་བའི་གྲང་ངར་གྱིས།།

པདྨའི་སྐྱེས་གཟུགས་སྒྲོག་ཏུ་བསྡམས།།

མཚོ་མོ་བཞུར་སྒྲ་ཡུན་གྱིས་བཅད།།

དགུན་གྱི་གྲང་ངར་གདུག་རྩུབ་ཆེ།།


ས་སྡེ་ཆེན་ཁ་བའི་གཡོགས་ནས།།

ཞེ་སྨྲེང་བའི་ཚིག་གསུམ་བྲིས་ན།།

དགུན་ཁ་བའི་ལོ་ཟླ་རིང་མོ།།

དུས་ཡུན་རིང་བཞུགས་པ་མ་གནང་།།


གཡུ་སྦྲང་གཞོན་ནུའི་སྙིང་དབུས་ན།།

འཛུམ་པའི་དབྱངས་ཀྱི་ལྷ་མོ་ཡོད།།

དགུན་གྱི་བར་ཆད་མ་བྱེད་གོང་།།

བརྩེ་བའི་ཕོ་བྲང་མཁར་ཞིག་བཞེངས།།


མི་རྟག་འཁོར་བའི་རི་སྒང་ནས།།

བརྩེ་གླུ་སྙན་མོ་མགྲིན་པས་བཀུག།

ཆུ་སྐྱེས་སྔོན་མོའི་རྣ་བར་སྙན།།

སྣང་བ་མཐུན་པོ་དེ་ནས་བྱུང་།།

  • ལེ་ཚན་སྔོན་མ།:ཡུམ་བུ་བླ་མཁར།
  • ལེ་ཚན་རྗེས་མ།:ཕ་ཡུལ་གླེང་བ།