​ངག་བཅད་པའི་ལོ་ཟླ།

གཞི་ཚང་ཟླ་བ་གྲགས་པ།        2020-04-17

འཛམ་གླིང་ཉི་མ་ཡུད་ལས་མི་རག་པའི།།

བདག་གི་སྲིབ་ཁུག་ཤིན་ཏུ་འཁྱག་པ་ལ།།

གྲིབ་གཟུགས་ཙམ་ལས་རེག་ལ་མི་དབང་བའི།།

གླིང་གི་བཤུལ་ལམ་རབ་ཏུ་དོག་པ་ལ།།


ལས་ནི་སྙིང་རྗེ་བྲལ་བའི་ཤན་པ་བཞིན།།

འབྲེལ་ཐག་བཅད་ཅིང་གློ་སྙིང་གཙབས་གཙབས་བྱེད།།

དུས་ཚོད་ལ་ཡང་མཆིལ་ཞགས་མ་འཕངས་མོད།།

འུ་གཉིས་བསམ་བཞིན་རྒྱང་རིང་བཀྱེད་པ་མཐོང་།།


རྣམ་འཕྱང་གྲོགས་པོའི་སྐུ་ཚེ་མ་རྫོགས་གོང་།།

ཁྱོད་རང་བདག་གིས་བྱེད་ལ་འདུན་པ་རྒྱས།།

སོ་སོར་གྱེས་ཏེ་བྱེས་མཐར་གནས་གྱུར་ན།།

གནམ་གྱི་དུང་ཟླ་ལག་པས་ཟིན་རབས་མེད།།


བགྲེས་གཟུགས་ཞལ་སྤུ་ཅན་ལ་མི་དགྱེས་ཀྱང་།།

འཁོར་བའི་གོ་རིམ་འདི་ལ་གཟུར་ཐབས་ཅི།།

བྱིས་ཚུགས་ཡར་ཡོར་ད་ནི་མི་འཚམས་ཀྱང་།།

བག་མེད་དང་བཅས་ཡང་ཡང་རྩེན་སྙིང་འདོད།།


ཕྱུགས་ཁྱུ་གཟན་ལ་ཆས་པའི་ཉི་ཤར་དུས།།

རྣ་བ་བླགས་ན་མོག་པོའི་ངག་གཏམ་ཐོས།།

འབྲེལ་དང་མི་འབྲེལ་དོན་དམ་ཅི་ཆ་ཡང་།།

རྟོག་ཚོགས་བསྐྲུན་ན་ང་རང་ཡིན་སྙམ་བྱུང་།།


བྱ་བྱེའུ་ཚང་དུ་ལོག་པའི་ཉི་ནུབ་དུས།།

སྤ་བའི་སྤྱན་ཟུང་བདག་ལ་གཏད་པ་མཐོང་།།

སྤང་དང་མཚོ་མའི་གཏམ་རྒྱུད་འགྲུབ་དཀའ་ཡང་།།

མལ་སྟེགས་ཞིབ་འདང་བྱ་ན་བདེ་ཚོར་སྣང་།།


ཚེ་རབས་ལག་པས་མ་ཟིན་ཤོར་སོང་བའི།།

ཚེ་སྔོན་ཆུང་མའི་ཡང་སྤྲུལ་ཡིན་པར་འདོད།།

དགོད་འཛུམ་དང་བཅས་འཁྲིས་སུ་ཕེབས་དང་ཀྱེ།།

སྐྱེ་བ་གཉིས་པའི་གྱ་ཉེས་སྤོང་མི་འདོད།།


ཁྱོད་ནི་མནལ་ཡུལ་རྟག་པར་བཞུགས་ན་ཡང་།།

སྟོང་གཟུགས་སེམས་འདི་ཅིས་ཀྱང་འགོང་ཐབས་བྲལ།།

གཞས་དེ་གཙང་བཞེས་གནོང་དང་སྙིང་སྡུག་ལགས།།

འཁོར་འདས་མཚམས་ཀྱི་ལྟད་མོ་ལྷན་ཅིག་བལྟ།།


གར་རྩེད་དམར་མོ་འཁྲོབས་དང་གར་མ་ལགས།།

འདོད་པའི་མིག་གིས་ཚྭ་ཆུ་འཐུང་སྙིང་འདོད།།

དང་མའི་ཚངས་མགུར་ཡང་བསྐྱར་ལོངས་དང་ཀྱེ།།

འཐད་པའི་ཉམས་འགྱུར་སེམས་ནས་བོར་ཐབས་བྲལ།།


སྔོན་ཆད་ལས་སྐལ་ཟད་པའི་ཉམ་ཐག་མས།།

ལྕང་སྡོང་སྤྲུལ་ཏེ་ཁྱོ་གར་བསིལ་གྲིབ་སྟེར།།

སྲིབ་ཁུག་འདི་ནས་བྲོས་པའི་ཐབས་མེད་ན།།

ངས་ཀྱང་སྐྱབས་འཇུག་གྲོགས་སུ་མི་སྦྲན་ཅི།།


ཁྱོད་ནི་འཚམས་ཁང་བཅས་པའི་སྒོམ་པ་བཞིན།།

ཕྱི་རོལ་ཞིང་དུ་འཁྱམ་འཁྱམ་འབྱོན་པ་དཀའ།།

ཐོག་མའི་རྨི་ལམ་མང་བའི་དེའུ་འོབས་ནས།།

ང་རང་གཅིག་པུས་གཙང་བོའི་བཞུར་སྒྲ་ཉན།།

  • ལེ་ཚན་སྔོན་མ།:བཞི་གཅིག་བཞི་ཉིན།
  • ལེ་ཚན་རྗེས་མ།:ཡུམ་བུ་བླ་མཁར།