བཞི་གཅིག་བཞི་ཉིན།

དུ་སྤྲིན།        2020-04-14

དྲོ་འཇམ་ཉི་འོད་ལྡན་པའི་སོས་ཀ་ཞིག་ལ།།

དགུན་གྱི་ཁ་བ་ཞུས་པའི་དུས་ཀྱི་མཐའ་ལ།།

ལྗོན་ཤིང་ལོ་འདབ་སྨིན་པའི་དཔྱིད་ཀྱི་འགོ་མ།།

ཟང་ཟིང་འདུ་བྲལ་ངང་གནས་ཞོགས་པ་ཞིག་ལ།།

དུ་སྨུག་ལང་ལོང་འཕྱུར་བའི་ནངས་ཀྱི་དུས་སུ།།

སློབ་མས་ཀ་སོགས་སུམ་ཅུ་དབྱངས་སུ་གྱེར་དུས།།

གློ་བུར་རླུང་དམར་ལྡང་བས་ལང་ཚོའི་མེ་ཏོག།

མ་དྲན་སད་ཀྱིས་བཅོམ་པའི་དུས་ལ་ཐུག་པ།།

དགའ་འཛོམས་ལྷན་འཛོམས་བྱུང་བའི་ནང་མི་མང་པོ།།

བྱ་ཁྱུ་འུར་རྡོས་དཀྲོགས་ལྟར་སོ་སོར་བཏང་ནས།།

སྐྱོ་གདུང་ངུ་ངག་དབྱངས་ཀྱིས་ལུང་པ་བཀང་སོང་།།

སྐྱ་མདོག་ཐལ་སྨག་འཁྲིགས་པའི་ཉིན་མ་རེ་རེར།།

བཀྲེས་སྐོམ་མུ་གེའི་ནད་ཀྱིས་སྲོག་ལ་བྲབས་དུས།།

སྙིང་རྗེའི་མར་ཁུ་བྱུག་པའི་སེར་མོ་བ་རྣམས།།

རྒྱུ་ནོར་རི་རབ་མང་པོ་ཕངས་མེད་བཏང་ནས།།

རིན་ཆེན་ཚེ་སྲོག་མང་པོ་སེམས་ཀྱིས་གཉོར་ཞིང་།།

རྒྱལ་ཁབ་གོང་འོག་རིམ་པའི་བྱམས་བརྩེའི་ཉི་མ།།

སྐབས་དེར་ཡུལ་ཤུལ་གྲོང་དུ་རྣམ་པར་འཕྲོས་ཡོད།།

ཡུལ་ཤུལ་བཞི་གཅིག་བཞི་ཡི་ཉིན་མོ་དེ་ནི།།

བརྗེད་མེད་སེམས་སུ་བརྐོས་པའི་ལོ་ཟླ་ཞིག་ཡིན།།

  • ལེ་ཚན་སྔོན་མ།:​ སྨོན་ལམ་ཡག
  • ལེ་ཚན་རྗེས་མ།:​ངག་བཅད་པའི་ལོ་ཟླ།