དབུ་འཇིགས་མེད། 2020-04-14
ལྷད་མེད་གཙང་བོ་གངས་རི་ཡག་པོ། །
རྩེ་མོ་སྟོང་བའི་དབྱིངས་སུ་མཉམ་ཡོད། །
འདབ་མ་ཐང་ཆེན་སྤང་དུ་འཁྱིལ་ཡོད། །
སྨོན་ལམ་ཡག་པོ་དུས་སུ་བབ་ཡོད། །
རང་བྱུང་ཉི་ཟླའི་རྣ་ཆ་ཡག་བྱུང་། །
སྲིད་པའི་ས་འཛིན་དབང་པོ་མཛེས་སོང་། །
མགོ་ནག་མི་ཡི་ཡིད་ན་བཞུགས་པའི། །
གངས་དཀར་རིན་པོ་ཁྱེད་ཉིད་བརྟན་དགོས། །
མ་བཅོས་སྐད་ཀྱི་བདུད་རྩི་དྭངས་མ། །
དྲིན་ཆེན་ཨ་མའི་ཞལ་གསུང་ཡིན་ཞིང་། །
གསུང་འདི་ལྷ་ཡི་བདུད་རྩི་དངོས་ཡིན། །
སྐད་འདི་མི་ཡི་ལྷ་སྐད་བཟང་པོ། །
རང་བྱུང་མཛེས་པའི་ལུང་ཁོག་ཕྲ་མོ། །
ཕ་ཡུལ་ལུང་པའི་རང་གཤིས་ཆགས་ཡོད། །
ལྷད་མེད་རྩྭ་ཆུ་འཛོམས་པའི་ལུང་པ། །
མི་སྡེ་ཆགས་པའི་གནས་ཡུལ་སྐྱིད་པོ། །
མི་ཚེ་གཅིག་གི་གཏམ་རྒྱུད་རིང་མོ། །
སེམས་ཤོར་མི་ཡི་རུས་གསེབ་འཐིམ་ཡོད། །
བརྩེ་སེམས་མཚོ་མོ་རྫ་ཆུ་བཞུར་ནས། །
ཕ་ཡུལ་ལུང་པའི་མདོ་ནས་འདྲིས་སོང་། །
སྐད་ཆ་གསོན་པོའི་ས་གཞི་གང་ནས། །
གཏམ་དེས་ཚོར་བའི་གྲུང་ཤ་དོད་ནས། །
གསོན་ཉམས་ལྡན་པའི་སྐད་ཆའི་རང་གཤིས། །
གསོན་བྲལ་བར་དུ་བཤད་པར་ངེས་སོ། །
རྩོམ་གསར། 10