ཟིལ་མངར། 2020-04-14
སྐྱོ་བ་ཆུ་ལས་བརླན་པའི་ཡུལ་ཤུལ་དུ།།
ངུ་འབོད་ཤེད་ཀྱིས་གྲགས་པའི་དམྱལ་ཁམས་ཤིག།
ས་ཡོམ་མགོ་དཀྲིས་ནག་པོའི་ཆག་འཇིག་གིས།།
སྡུག་གི་རྒྱ་མཚོའི་ཁ་རུ་ལྷུང་ནས་སོང་།།
ལོ་རྒྱུས་གསོན་པོ་ཡིད་ལ་འཆར་བའི་ཚེ།།
བྲང་གཞུང་ངོས་སུ་འཁྱག་པ་ཆུ་རུ་གྱུར།།
མདང་ནུབ་རྨི་ལམ་ལྟ་བུའི་གོད་ཆག་གིས།།
མི་རྣམས་འཚོལ་སའི་མཁར་རྫོང་བཙན་གྱིས་གཏོར།།
བཞི་གཅིག་བཞི་ཡི་ལོ་ཟླ་ཤིན་ཏུ་གྲང་།།
སྐྱོ་བའི་མཚོན་གྱི་ཆར་བ་འབབ་ཀྱིན་དུ།།
ཤ་ཉེ་སྤུན་ཟླའི་ཁྱིམ་གཞིས་དྲོན་མོ་རུ།།
གློ་བུར་གནམ་ས་འགུལ་བས་དངངས་སྐྲག་སྟེར།།
ས་འཛིན་དཀར་པོ་ཡང་ཡང་འགུལ་ཙམ་གྱིས།།
རྐང་གཉིས་གྲངས་མེད་ལྔ་ལམ་ཡུལ་དུ་གཤེགས།།
ཞེ་སྣང་སྡུག་པོའི་རྨི་ལམ་སྐྱོ་མོ་ཡིས།།
སྡུག་གི་སྐྲ་ལོ་ལོ་ཟླའི་འོབས་སུ་འཕྱིངས།།
རྒན་གཞོན་མང་པོའི་ལང་ཚོ་འབྱུང་བཞིའི་བཅོམ།།
བཞི་གཅིག་བཞི་ཡི་སྙིང་གི་འདས་པོ་དག།
རྗེས་དྲན་སྟོང་གི་མྱ་ངན་ཞུ་བཞིན་དུ།།
བསྔོ་སྨོན་མིག་ཆུ་ཡང་དང་ཡང་དུ་བཞུར།།
བསྐལ་མེད་བགྲང་བྱ་དུ་མ་ཟད་ན་ཡང་།།
མ་བཅོས་བརྩེ་བའི་ཆུ་ཐིགས་རིང་མོ་ཞིག།
ལ་ལུང་མྱ་ངན་ཀུན་ཏུ་བཀྲམ་པར་བྱ།།
ན་ཟུག་སྐྱོ་མོའི་ཆང་ཕོར་ཁྱེད་ཚོར་འདྲེན།།
རྩོམ་གསར། 10