ཟླ་ཟེར། 2020-04-14
རྗེས་དྲན་མེ་ལོང་ནག་པོའི་མཁུར་མགོ་རུ།།
སྐྱོ་བའི་སྤྱན་ཆབ་དག་ཀྱང་ཅལ་གྱིས་ལྷུང་།།
གློ་བའི་འགྲམ་གྱི་དྲན་པ་ཤིན་ཏུ་འཁྱགས།།
དྲན་པའི་མཐིལ་གྱི་དྲོད་ཐིག་མན་དུ་ལྷུང་།།
ལྗིད་ཅིང་འདེགས་པར་དཀའ་བའི་སྡུག་བསྔལ་གྱིས།།
ས་འཛིན་ཕང་བ་ཡོངས་སུ་དོག་པོར་བྱས།།
ཡིད་ཀྱི་ཞགས་པས་མི་ཟིན་འཇིགས་སྐྲག་ཅིག།
བཞི་གཅིག་བཞི་ཡི་ནམ་མཁའ་ནག་པོ་ཡིན།།
སྐྱོ་བའི་ངུད་མོ་ཡི་གེར་བསྟར་བ་འདི།།
ཤ་ཉེ་སྤུན་མཆེད་དག་གི་ཐོད་རུས་ཡིན།།
སེམས་ལ་ནམ་རྒྱུན་བསྣར་བའི་ཐ་གུ་འདི།།
ནམ་ཡང་བརྗེད་ཐབས་མེད་པའི་དམུ་ཐག་ཡིན།།
བཞི་གཅིག་བཞི་ལ་ས་ཆེན་དྲག་ཏུ་འགུལ།།
ས་ཆེན་འགུལ་བས་སྙིང་ཁམས་སྡུག་ལ་སྦྱར།།
འོ་སྐོལ་ཉིན་སྲིབ་གཉིས་སུ་མུན་པ་འཐིབས།།
མུན་པའི་ཁུད་ཀྱི་མི་རྣམས་ཤིན་ཏུ་གྲང་།།
རི་བོས་ཉི་འོད་ཡོངས་རྫོགས་མནན་པའི་རྗེས།།
འགྲོ་བ་གྲངས་མེད་སྡུག་བསྔལ་འོབས་སུ་ཤི།།
རྨི་ལམ་ལྟ་བུར་སྣང་བའི་འདས་པོ་ལ།།
བསྐལ་བ་སྟོང་གི་བར་དུ་རྗེས་དྲན་ཞུ།།
གློ་རྡེག་ཅིག་གིས་གནམ་སའི་སྣ་ལྕེ་འཐབ།།
ཉི་མས་མིག་ཆུ་འདོན་པའི་ཉིན་ཞག་དེར།།
འགྱོད་གདུང་ལན་བུ་འཕྱང་བའི་མྱི་དེ་ཡིན།།
མྱ་ངན་སྲུབས་ཀ་ནམ་ཡང་སོས་མེད་ཡིན།།
སེམས་རྩ་སྨུག་པ་ནག་པོས་དྲག་ཏུ་བསྐོར།།
བཅོས་མེད་བསྒྱུར་དུ་མེད་པའི་དངངས་སྐྲག་ཅིག།
བརྗེད་མེད་སླར་ཡང་རི་ཐང་ཀུན་ལ་དཔར།།
བྲང་ཁར་སེན་རྗེས་བཞག་པའི་རྗེས་དྲན་ཙམ།།
རྩོམ་གསར། 10