འདོད་ཧམ།

འདྲུ་བཀྲ་ཤིས་རྒྱལ།        2017-05-08

རི་བོ་དང་གཙང་པོ་ཆེ་ཆུང་ཅི་འདྲ་ཞིག་ཡོད་ནའང་།

སྒྱུ་འཕྲུལ་གྱིས་བསླུས་པའི་འདོད་སེམས་ནི་ཐོགས་མེད་དུ་རྒྱུ་བར་ངེས།

དཀའ་སྡུག་དང་འཇིགས་སྐྲག་ཅི་འདྲའི་ཆེ་ནའང་།

མཛེས་སྡུག་ལ་འཁྱུད་པའི་སེམས་གཤིས་རྨོངས་པ་དེས་དང་ལེན་བྱེད་པར་ངེས།

བློས་གཏོང་མི་ཕོད་པའི་འདོད་ཧམ་དྲག་པོ་དེས་ནམ་ཞིག་གི་ཚེ་ན་རང་ཉིད་ནི་རུལ་དྲི་བྲོ་བའི་ཅ་དངོས་བཙོག་པ་ཞིག་ཏུ་བཟོ་བར་ངེས།

མིག་ཏུ་འཆར་བར་དཀའ་བའི་འཛམ་གླིང་འདི་ཡང་ཡུག་གཅིག་ལ་ཁྱུར་མིད་དུ་གཏོང་བར་འདོད་པ་ནི་འདོད་ཧམ་ཞེས་པ་དེ་ཡིན་པར་ངེས།

རྙོག་འཛིང་གིས་བསླུས་པའི་འཆར་གཞི་སྣ་ཚོགས་ཤིག་ལ་མི་ཚེ་གཡོག་གི་ཚུལ་དུ་ལུས་པ་ཡང་འདོད་ཧམ་ཞེས་པ་དེས་སྒྲིག་བཀོད་བྱས་པར་ངེས།

གཞན་གྱི་གནས་བབ་ཏུ་རང་ཉིད་ཙོག་པུར་བསྡད་ཡོད་པ་མི་དྲན་པར་རང་ཉིད་ཀྱི་གནས་བབ་ལ་དུས་དྲུག་ཀུན་ཏུ་གཅེས་སྲུང་བྱེད་པ་དེ་ཡང་འདོད་ཧམ་གྱི་ཤུལ་དུ་བཞག་པའི་གསང་རྣམ་གྱི་བརྗོད་དོན་ཚོམ་བུ་ཞིག་ཡིན་པར་ངེས།

སེམས་ཀྱི་ཚེར་མ་འགྱུར་བ་ཀུན་ཀྱང་རྡོག་པས་སྣང་མེད་དུ་བརྫི་བར་བྱེད་ཅིང་དཔྲལ་བའི་ཡ་ཐོད་ན་རྒྱུ་བའི་བསམ་འཕེལ་ནོར་བུ་དག་ལ་ལུས་ངག་ཡིད་གསུམ་གྱིས་འདུད་པར་བྱེད་པའང་འདོད་ཧམ་གྱི་ལྐོག་ནས་འབུད་པའི་རྣམ་པ་སྐྱུག་མེར་པོ་དག་ཡིན་པར་ངེས།

དོན་དུ་འདོད་ཧམ་ནི་འཛམ་བུའི་གླིང་འདི་རང་ཉིད་ཀྱིས་བདག་བཟུང་བྱེད་བཞིན་པར་འཁྲུལ་བའི་སེམས་འགྱུ་ཆུང་ཆུང་ཞིག་ཡིན་པར་ངེས།


  • ལེ་ཚན་སྔོན་མ།:དེང་རབས་པ།
  • ལེ་ཚན་རྗེས་མ།:སེམས་པ་དལ་གྱིས་སྒུལ་བྱུང་།