སེམས་པ་དལ་གྱིས་སྒུལ་བྱུང་།

ཇག་ཕྲུག        2017-05-08

མཁའ་དབུགས་ཁྲོད།

ཁྱོད་ཀྱིས་ང་རང་དལ་བུར་སྒུལ་རྗེས།

བདག་གི་སེམས་པ་སྲིང་བལ་བཞིན་མཁའ་རུ་བཏེགས།

འཆར་ཡན་གྱི་མཁའ་མཐར་ལྷོད་ཀྱིས་ཉུལ་ཡོང་བ་ནི།

འཛུམ་མདངས་ཅན་གྱི་བུ་མོ་ཞིག

གཞན་གྱིས་ཁོ་མོར་པད་མ་ཆོས་མཚོ་འབོད།

བདག་གིས་ཁོ་མོར་སྙིང་ཉེ་ཞེས་འབོད་ན་འདོད།

ཁོ་མོ་ནི་རྫི་གླུ་ལེན་པར་དགའ་ཚོད་འདུག

ད་དུང་། ཆུ་ལེན་པ་དང་ཨོང་བ་འཐུ་རྒྱུ་ལའང་དགའ་ཚོད་རེད།

ཁོ་མོས་དེ་དག་གི་ཞོར་ནས་གསལ་བྱེད་སོ་བཞིའི་

དབྱངས་རྟ་ངག་ཏུ་འགུག་ངེས།

ཆུ་མིག་བཞིན་འཁྱིལ་བ་ནི།

རྣམ་དག་གི་སྐད་ཆ་དག་དང་ཁོ་མོའི་ཕྱི་ནང་

ལྷད་མེད་ཀྱི་ཟུར་མིག་རེས་ཀྱང་།

བདག་སེམས་ཀྱི་རྟ་རྒོད་མུ་མེད་ཀྱི་སྤང་ཐང་དུ།

ཁ་ཕྱོགས་དང་དམིགས་ཡུལ་འཚོལ་དུ་མངགས།

ཁྱོད་ཉིད་མཐོང་བ་ནི། ལྕག་གིས་འབྲབ་པ་བཞིན།

ཁྱོད་ཉིད་མཐོང་བ་ནི། མེ་ཡིས་ཟིན་པ་ལྟར།

ཁྱོད་ཉིད་མཐོང་བ་ནི། མཛེས་པ་རྟོགས་པ་འདྲ།

གཞན་གྱིས། ཁྱོད་ནི་ངང་བ་ཆ་འགྲིག་གི་ཡ་གཅིག་རེད་ཟེར

གཞན་གྱིས། ཁྱོད་ནི་བརྩེ་བ་རྟག་བརྟན་གྱི་དམ་བཅའ་བ་ཞིག་རེད་ཟེར།

ཡིན་ཡང་། ཁྱོད་ནི་བདག་སེམས་ཀྱི་དཀྱིལ་ན་ཆུ་མིག་ལྟར་འཁྱིལ་ཡོད་པས།

ཡིན་ཡང་། ཁྱོད་ནི་དྭངས་བའི་རང་དབང་གི་མཁའ་ན་ཟླ་བ་

ལྟར་འཛུམ་པས།

ཁེར་རྐྱང་གི་ལོ་ཟླའི་ནང་།

འཚོ་བའི་ཁ་དོག་གི་རི་མོ་ཁྲ་ཁྲ།

ཐོད་པའི་ཁ་གཞུང་ལ་བརྐོས་ཏེ།

རང་སེམས་མཁའ་རུ་བཀྱགས་ན།

ཁྱོད་ཀྱི་ཡོད་ཚད་ས་བོན་བཞིན།

ངའི་བརྩེ་བའི་ཞིང་སར།

རེ་བས་བཏབ་ཡོད། 


  • ལེ་ཚན་སྔོན་མ།:འདོད་ཧམ།
  • ལེ་ཚན་རྗེས་མ།:གནམ་མཚོ་ནི་སུ་ཞིག་གི་མིག་ཆུ་ཡིན།