རྒྱལ་ལྡོང་ཨོ་རྒྱན་དོན་གྲུབ། 2017-04-30
སྐུ་ཡི་མཚན་དཔེ་མངོན་པར་བཞད་ཡུལ་མདོ་ཁམས་སྨད་ཀྱི་ཞིང་མཆོག་ཡིན། །
གསུང་གི་ལེགས་བཤད་རིས་མེད་སྩོལ་ཡུལ་ཡུལ་འདིའི་སྟོད་སྨད་སློབ་ཚོགས་ཡིན། །
ཐུགས་ཀྱི་དགོངས་པས་གཞན་ཕན་བསྐྱངས་ཡུལ་ལུགས་གཉིས་གསལ་བའི་གདམས་ངག་ཡིན།།
རིགས་ཀྱི་སེམས་དཔའ་རིགས་ཀྱི་བུ་ཁྱེད་རིགས་འདིའི་རྒྱན་གྱི་ནོར་བུ་ཡིན། །
ཤེས་རིག་སྐོམ་པས་ཀུན་ནས་གཙེས་པའི་རང་ཡུལ་མྱ་ངམ་ཐང་སྟོང་ན། །
ཁྱེད་ཀྱི་ལྷག་བསམ་སྦྲང་ཆར་བསིལ་མ་ཡུན་གྱིས་འབབ་པའི་ཆབ་རྒྱུན་གྱིས། །
རིག་གནས་འོད་ཀྱིས་ལེགས་བྱས་འཁྲུངས་བའི་ཆོས་སྲིད་ལུགས་ཀྱི་དབྱིངས་རིམ་དུ། །
བདེན་དོན་སྐལ་ལྡན་གདུལ་བྱ་སྐྱོང་བའི་མཛད་བཟང་དཔུང་གི་རྒྱུ་སྐར་བཀྲ །
སྤྲུལ་པའི་སྐུ་ཡི་ཆོ་ལོ་མེད་རུང་བྱང་སེམས་ཐུགས་རྒྱུད་ལྷན་སྐྱེས་ཅན། །
མཁས་པའི་གོ་སར་གཤེགས་པ་མིན་རུང་བརྡ་སྤྲོད་སྨྲ་བར་མངའ་དབང་འབྱོར། །
སློབ་ཚོགས་སྐྱོང་བའི་མཛད་འཕྲིན་འོད་དཀར་གཞན་ཕན་དྲོད་ཀྱི་བདག་ཉིད་ཅན། །
ཤེས་རིག་ལྗང་སྨྱུག་ཀུན་ནས་སྐྱོང་མཁས་མགོན་ཁྱེད་སྦྲང་ཆར་བསིལ་མ་ཉིད། །
ལྷག་བསམ་ཐུགས་དགོངས་འོ་མའི་མཚོ་ལ་སྙིང་རྗེ་གསེར་ཉའི་འཁྱུག་རྩལ་རྐྱེན། །
ཕྱོགས་བཞིའི་འཁོར་ཚོགས་བྱམས་པས་བསྐྱངས་ཤིང་སྐྱེ་འགྲོའི་ཐུགས་རྒྱུད་སྙིང་རྗེས་བརླན། །
མདོ་སྔགས་རིག་པས་ཐུགས་རྒྱུད་ཕྱུག་ཅིང་གངས་རིའི་གཟི་མདངས་ཐུགས་ལ་སྤྲས། །
སློབ་དཔོན་རིག་འཛིན་དགེ་ལེགས་དཔའ་བོ་སྐུ་ཚེ་མི་འགྱུར་རྟག་བརྟན་ཤོག །
དགོངས་གྲངས་བརྒྱད་ཅུའི་ཞབས་ཟུང་གསེར་གནག་ཁྲིད་སྟེགས་གོང་ནས་འཕྲིན་ལས་སྤེལ།།
དབྱངས་གསལ་ནས་བཟུང་རིག་པའི་གངས་ཆུས་གདུལ་བྱའི་རྨོངས་པའི་སྐོམ་གདུང་སེལ། །
ལེགས་བྱས་འོད་ཀྱིས་གཞན་ཕན་བསྐྱངས་བ་བགྲང་བའི་ཚད་དེ་གང་ནས་ཟིན། །
མགར་ཐར་ཡུལ་སྡེ་སྟོད་སྨད་ཀུན་ལ་ངེས་དོན་མགོན་ཁྱེད་ཨ་ཞང་ཉིད། །
མགར་ཐར་གསེར་གྱི་ལུང་པའི་མཐིལ་ན་རིགས་ཀྱི་སེམས་དཔའ་ཁྱེད་རང་ཡིན། །
མགོན་མེད་ཉམ་ཐག་དབུལ་ཕོངས་ཚོགས་ལ་རིས་མེད་ཉི་འོད་ཁྱེད་རང་ཡིན། །
སྐལ་ལྡན་གདུལ་བྱ་ལེགས་ལམ་འཇུག་མཛད་རྒྱལ་སྲས་དཔའ་བོ་ཁྱེད་རང་ཡིན། །
ཁྱེད་ནི་མགོན་ཡིན་ཁྱེད་ནི་སྐྱབས་ཡིན་ཁྱེད་ནི་ཨ་ཞང་དགེ་ལེགས་ཡིན། །
ཐུན་མོང་ཐུན་མིན་ཤེས་རབ་འཇིང་ལ་འཆད་རྩོད་རྩོམ་པའི་རྣམ་དཔྱོད་བཀྲ། །
མི་ཡི་ཁོར་ཡུག་ཟིང་ཟིང་ཁྲོད་ནས་ཚུལ་ཁྲིམས་གཙང་མའི་དྲི་བཟང་འཐུལ། །
མཁས་བཙུན་བཟང་གི་ཐུགས་བསྐྱེད་བཟང་པོར་ཀུན་གྱིས་གཙུག་གི་རྒྱན་དུ་བཀུར། །
རང་ཚུགས་གསེར་གྱི་རི་རྒྱལ་ལྷུན་པོ་གསར་རྙིང་དུས་ལ་རྟག་ཏུ་བརྟན། །
གསར་བྱུང་རིག་པའི་དཔུང་སྡེ་རེ་ལ་ཁྱེད་ཀྱིས་བསྟན་པའི་མདུན་ལམ་ཡོད། །
སྐལ་ལྡན་གདུལ་བྱའི་སེམས་རྒྱུད་རེ་ན་ཁྱེད་ཀྱིས་བཞག་པའི་རིགས་ཞེན་ཡོད། །
ཁྱེད་ཀྱི་བྱ་གཞག་གསེར་གནག་ཕ་བོང་ས་འདིའི་པང་བས་ཐེག་དཀའ་བས། །
སྐྱེས་མཆོག་ཁྱེད་རང་སློབ་བུའི་མགོན་དུ་དུས་གསུམ་འབྲལ་མེད་རྟག་བཞུགས་ཤོག །
རྩོམ་གསར། 10