མགར་ཐར་བཀྲ་ཤིས་ཆོས་ལྡན། 2017-04-30
མདོ་ཁམས་གསེར་ལྡན་འཛིན་མའི་ཡོལ་གོ་རུ།།
དཔལ་ལྡན་ལེགས་བཤད་བཟང་པོའི་དགའ་སྟོན་གྱིས།།
སྣ་ཚོགས་གདུལ་བྱའི་བུམ་བཟང་འགེངས་མཛད་པའི།།
འདྲེན་པ་གང་དེས་ཚེ་རབས་ཕྲེང་བར་སྐྱོངས།།
ཁྱོད་ཡོན་གསང་གསུམ་མཛད་པའི་ཆ་རེ་ཡང་།།
ཇི་བཞིན་བརྗོད་པར་རྒྱལ་བའི་ལྗགས་ཀྱང་ངལ།།
འོན་ཏང་མོས་གུས་མཚོ་ཆེན་ཡོམ་པ་ལས།།
བྱ་བྲལ་གང་དེའི་མཛད་པའི་ཟིལ་ཙམ་བླངས།།
གདོད་ནས་ངེས་འབྱུང་རླུང་བུས་རྒྱུད་བསྐུལ་ཏེ།།
མུ་མེད་བས་མཐའི་ཚལ་ལ་གོམ་སྟབས་བསྒྱུར།།
རྩ་གསུམ་བླ་མའི་ཞལ་གྱི་ཟེའུ་འབྲུའི་བཅུད།།
ཐོས་བརྩོན་སྒྲུབ་པ་ཁོ་ནས་ཅི་ཡང་མྱང་།།
དུག་ལྔའི་ཁ་རླངས་འཁྲིགས་པའི་སྙིགས་མ་ན།།
དམ་ཚིག་མིག་ལ་གནོད་པའི་རྫོང་མཐུག་ཀྱང་།།
ཁྱོད་ཀྱིས་དུས་རླུང་འཚུབ་མའི་འཕྲང་ལམ་ནས།།
སྲོག་དང་བསྡོས་ཏེ་བསྲུངས་འདི་ཨེ་མ་མཚར།།
ཕྱི་རོལ་ངང་པའི་འགྲོས་ཀྱི་སྤྱོད་ལམ་མཛེས།།
ནང་དུ་བཅས་ཁྲིམས་མཚམས་ཀྱི་ཐིག་ལེ་གསལ།།
ཞི་དུལ་ཉམས་ཀྱིས་ཕྱུག་པའི་ཉེ་བར་འཁོར།།
དུས་མཐའི་འདུལ་འཛིན་དགེ་ལེགས་མཚན་ཅན་ཉིད།།
རང་བཞིན་བདེ་ཆེན་དག་པའི་ཀློང་ཡངས་ནས།།
ཆོས་ཀུན་སྒྱུ་མའི་གཤིས་སུ་ལེགས་པར་འཁུམས།།
ཟུང་འཇུག་སྐུ་གཉིས་གསལ་ལེར་མངོན་མཛད་པ།།
སྲིད་པ་གངས་ཅན་མཛེས་པའི་དཔལ་དུ་འཁྲུངས།།
དབང་ཐང་སྟོབས་ཀྱིས་དྲེགས་པའི་གོ་ས་དབེན།།
སྙན་གྲགས་ལྡིར་བའི་མིང་སྐམ་དེ་ཡང་བྲལ།།
ཆོས་བརྒྱད་ཁོང་ནས་ཞི་བའི་བྱ་བཏང་བ།།
དྲང་སྲོང་ཁྱེད་ཀྱི་རྣམ་པར་ཐར་པ་ལགས།།
ཐུན་མོང་གཙུག་ལག་རིག་པའི་རྩ་བ་བརྟན།།
མདོ་སྔགས་གཞུང་གི་ཡལ་འདབ་ཕྱོགས་བཅུར་རྒྱས།།
སྙན་རྒྱུད་གདམས་པའི་འབྲས་ཁུར་དུད་པ་ཅན།།
བཤེས་གཉེན་དཔག་བསམ་དབང་པོ་འགྲོ་བའི་མིག །
བརྩེ་ཆེན་འོ་མཚོ་བསྐྱོམས་པའི་རླབས་རིས་ཀྱིས།།
ཕན་བདེའི་ཟེགས་མ་ཕྱོགས་སུ་འཐོར་བ་ལས།།
ལེགས་བཤད་བཅུད་ཀྱིས་གསོས་པའི་སློབ་ཚོགས་ལ།།
བྱིན་རླབས་འདོད་རྒུར་འཇོ་བའི་སེམས་དཔའ་ཆེ།།
སྟོང་བ་མིང་གི་ཆོས་ཀྱི་མཁའ་དབྱིངས་ནས།།
སྣང་བ་ཀུན་རྫོབ་བྱ་བཞག་འཇོག་མཁས་ཤིང་།།
རྟེན་འབྱུང་སྟོང་བའི་གྲོགས་སུ་རྗེན་གཟིགས་པའི།།
གསུམ་ལྡན་བླ་མའི་མཁྱེན་དཔྱོད་སུ་ཡིས་གཞལ།།
ཐུགས་རྗེའི་གྲིབ་བསིལ་སྣུམ་པོ་ཀུན་ལ་སྙོམས།།
གྲུབ་མཐའ་འགལ་མེད་རྟོགས་པའི་སྤྱན་ཡངས་ལྡན།།
སྒྲོ་སྐུར་ནག་ནོག་ར་རིས་ཡོངས་སུ་བཏང་།།
ཆུ་ཤེལ་ཟླ་བའི་དཀྱིལ་འཁོར་སྙིང་ལ་སིམ།།
ལེགས་བཤད་རིན་ཆེན་སྟོང་གི་མཛོད་བླངས་ཤིང་།།
སྐལ་ལྡན་མོས་པའི་ཚོམ་ལ་ཕྲ་བཏབ་པའི།།
ཡོངས་འཛིན་སྨྲ་བའི་དེད་དཔོན་གང་དེ་ཡིས།།
རྒྱལ་བསྟན་གླིང་བཞིའི་ཁྱོན་ན་མངའ་དབང་མཛད།།
སྙན་འཇེབས་དབྱངས་གསལ་སོ་བཞིའི་ང་རོ་ནི།།
དུས་ཀྱི་མིད་པ་དོག་པོར་འགག་དོགས་ཚེ།།
སླར་ཡང་གངས་ཅན་རིག་པའི་དོ་ར་ནས།།
མི་འཇིགས་སྤོབས་པས་གྱེར་བའི་ཤིང་རྟ་པ།།
ཆོས་བརྒྱད་གཡོན་མའི་རྫུན་གྱི་ཟོལ་མའི་བག།
རིང་དུ་དོར་ཞིང་ཆོས་ཀྱི་སྣང་བ་འབུམ།།
ཉམས་བཞེས་ཐུགས་སུ་གསལ་བའི་འབྲས་རྟགས་སུ།།
ཕ་རོལ་གནད་དུ་ཁེལ་བའི་གདམས་ངག་མང་།།
དགེ་སྦྱོར་བསོད་ནམས་ཆུ་གཏེར་འཕེལ་བ་ལས།།
གཞོན་པའི་ཉམས་ཀྱིས་ལང་ཚོའི་འོད་ཆགས་པ།།
སྣང་ཚེ་ཡིད་ཀྱི་པད་མོ་འཛུམ་གྲོལ་བས།།
སྨྲ་བའི་ཉི་མ་སློབ་བུའི་གཙུག་ན་མཛེས།།
བདག་འཛིན་མདུད་པའི་འཆིང་རྒྱ་ལས་གྲོལ་ཏེ།།
སྦྱིན་པའི་ཆུ་བོ་རྣམ་བཞི་རྟག་འབེབས་པས།།
དབུལ་ཕོངས་དུག་གིས་གཙེས་པའི་མགོན་མེད་རྣམས།།
བྱམས་བརྩེའི་ལྕགས་ཀྱུས་ནམ་ཡང་དམ་དུ་བཅིངས།།
ཉིད་ཀྱི་ལྷག་བསམ་ཉི་གཞོན་གསར་བའི་འོད།།
འཆར་ཀའི་མཚམས་སྤྲིན་མདངས་ལ་འདྲེས་བྱས་ཏེ།།
ཡུལ་འདིའི་སྐྱེ་འགྲོའི་དཔལ་དུ་འཆར་བ་ན།།
ཀུན་གྱི་སྨོན་པ་ཕྱོགས་དེར་དབང་མེད་དྲངས།།
ཁྱད་པར་ཉམ་ཐག་དྭ་ཕྲུག་འཁྱམ་པོ་རྣམས།།
བརྩེ་བའི་ཕྱག་ཟུང་འཇམ་པོས་ཉེར་བསྐྱངས་ཏེ།།
ལུགས་གཉིས་སྨན་གྱི་གྲུ་ཆར་འཇོ་མཁས་པ།།
འཕགས་མཆོག་མིག་མི་འཛུམ་པའི་རྣམ་ཐར་ལགས།།
འཛུམ་གྱི་ཀློང་ནས་བརྩེ་བའི་རླབས་ཕྲེང་འཕྱོ།།
བརྩེ་བའི་སྣང་བ་ཐུགས་ཀྱི་དཀྱིལ་ན་རྒོད།།
བརྩེ་འཛུམ་བཅོས་མིན་དོན་དམ་ཞི་བདེ་ལ།།
བརྩེ་གཅིག་སྙོམས་པར་འཇུག་པའི་ཏིང་འཛིན་པ།།
བརྟན་མཁས་ཡོན་ཏན་མཛོད་ཀྱི་དཔྱིད་མངའ་བའི།།
མཚན་ལྡན་བཤེས་གཉེན་དམ་པ་གང་དེ་ཡི།།
ཞབས་ཟུང་ནོར་བུའི་དོ་ཤལ་དཔལ་འབར་བ།།
མི་ཕྱེད་དད་པས་གཙུག་གི་རྒྱན་དུ་བཏེགས།།
རྩོམ་གསར། 10