མི་ཉག་འོད་ཟེར། 2017-04-30
རྒྱལ་དང་རྒྱལ་སྲས་ཀུན་གྱིས་བསྔགས་པའི་ལམ།།
མུ་མེད་འགྲོ་བ་སྒྲོལ་བའི་ཁུར་བཞེས་ཏེ།།
གང་འདུལ་བཤེས་གཉེན་དམ་པའི་ཚུལ་འཆང་བ།།
དགེ་ལེགས་མཚན་ཅན་སྙིང་གི་མུན་སེལ་རྒྱལ།།
མདོ་ཁམས་མི་ཉག་གྷ་ཞེས་འཛིན་མའི་སྤོར།།
ཁྱེད་སྐུ་རྟགས་དང་རྟེན་འབྲེལ་བསུ་མ་བཅས།།
མཚན་དཔེ་གསར་དུ་བཞད་པའི་ངོ་མཚར་འབུམ།།
སྐྱེ་དགུའི་བསོད་ནམས་དཔལ་གྱི་བླ་ན་བརྗིད།།
དཀའ་ཐུབ་བཙན་པོས་ཐོས་བསམ་སྦྱངས་པ་ལས།།
ཆོས་དང་ཆོས་མིན་འབྱེད་པའི་རྣམ་དཔྱོད་ཀྱིས།།
སྐལ་ལྡན་སྐྱེས་བུའི་བླང་དོར་འཇུག་ངོགས་ལ།།
གདམས་ངག་དབུགས་དབྱུང་བྱེ་བས་དགའ་སྟོན་བསྐྲུན།།
ལྡོག་མེད་བརྩེ་བ་ཆེན་པོའི་ཉེར་ལེན་གྱིས།།
དབྱངས་གསལ་སོ་བཞི་བསྟར་ལ་བརྒྱུས་པ་ཡི།།
དྲན་དབང་དགྱེས་པའི་ལེགས་བཤད་མུ་ཏིག་ཕྲེང་།།
བློ་གསལ་མགྲིན་པ་མཛེས་པའི་རྒྱན་དུ་འཆང་།།
སྐད་དང་ཡི་གེ་ཁ་བའི་བླ་སྲོག་ཉིད།།
ཆོ་འཕྲུལ་བདུད་དུ་རློམ་པའི་འཕྲང་ལམ་ལས།།
མྱུར་སྐྱོབ་སྤེལ་མཛད་འཕྲིན་ལས་རླབས་པོ་ཆེ།།
ཁྱེད་ཀྱི་ལེགས་བྱས་མཛད་པའི་རྒྱན་དུ་ཆེ།།།
ཕན་དང་བདེ་བ་མ་ལུས་གཅིག་འདུས་པའི།།
འདོད་རྒུ་ལེགས་ཚོགས་འབྱུང་བའི་སྒོ་གཅིག་པུ།།
གང་སྐུ་བཤེས་གཉེན་དཔག་བསམ་དབང་པོ་སྟེ།།
མ་ནོར་ལམ་བཟང་སྟོན་པའི་འགྲོ་བའི་མགོན།།
གང་གིས་ཐུགས་བརྩེ་ཆེན་པོས་ཉེར་བཟུང་སྟེ།།
གདམས་ངག་བདུད་རྩིའི་གྲུ་ཆར་འབེབས་མཛད་པས།།
དམུ་རྒོད་སེམས་འདི་དགེ་བའི་ལམ་ཕྱོགས་ལ།།
ཅུང་ཟད་གཞོལ་འདི་བསོད་ནམས་མངོན་པར་མཐོ།།
སྙན་པའི་ངག་ཅེས་སྙན་ཆ་མི་ལྡན་ཡང་།།
བསམ་དང་སྦྱོར་བ་གཙང་མས་ལྷུར་བླངས་ཏེ།།
སྤོས་ཀྱི་དྲི་ངད་ལྡང་བའི་གྲོང་ཁྱེར་ནས།།
དད་གསུམ་སྙིམ་པའི་མེ་ཏོག་འདི་གསོལ་ལོ།།
རྩོམ་གསར། 10