རྒྱུད་འཛིན་པ་ཚོ།

རྣོ་ཟེར།        2017-03-27

ཕ་སྐད་གངས་ཆབ་བསིལ་མ།།

ཕ་ལོའི་སྲུང་མདུད་ཡིན་པས།།

ཕ་བཟང་བུ་དང་བུ་མོ།།

ཕ་སྐད་མཁོ་མེད་མ་བསམ།།

ཕ་ཆོས་བདུད་རྩིའི་ཐིགས་པ།།

ཡང་དག་ལམ་སྟེགས་ཡིན་པས།།

རིག་བཟང་གངས་ཅན་བོད་པ།།

དམ་ཆོས་མཁོ་མེད་མ་བསམ།།

ཁ་ཟས་དཀར་གསུམ་མངར་གསུམ།།

བོད་ཟས་གཙང་མ་ཡིན་པས།།

བོད་རུས་ཅན་གྱི་བོད་པ།།

བོད་ཟས་མཁོ་མེད་མ་བསམ།།

མཐུན་སྒྲིལ་གསེར་གྱི་ཨ་ལུང་།།

ཕུ་ནུའི་སྟོབས་ཤུགས་ཡིན་པས།།

ལས་མཐུན་སྒང་བ་བོད་པ།།

མཐུན་སྒྲིལ་མཁོ་མེད་མ་བསམ།།

སྲོལ་རྒྱུན་རྙིང་མེད་ནོར་བུ།།

མེས་པོའི་ལེགས་སྐྱེས་ཡིན་པས།།

རིག་གསར་གངས་ཅན་ཕོ་མོ།།

སྲོལ་རྒྱུན་མཁོ་མེད་མ་བསམ།།


  • ལེ་ཚན་སྔོན་མ།:ཕ་ཡུལ་གཡུ་ལུང་།
  • ལེ་ཚན་རྗེས་མ།:ཁ་བ་དང་རྨི་ལམ།