ཕ་ཡུལ་གཡུ་ལུང་།

དཔལ་སྐྱོང་རྡོ་རྗེ།        2017-03-27

ལོ་རྒྱུས་ཀྱི་གངས་རི་མཐོ་ས།

ཤེས་རིག་གི་སྒྲོན་འོད་འཚེར་ས།

སྙན་ངག་གི་གླིང་བུ་འབུད་ས།

ལྷ་ཡུལ་ལ་ཕོག་ཐུག་མ་བཏང་ཞིང་མཛེས་པའི་ཡང་རྩེར་སོན་

པའི་དག་པའི་ཞིང་ཁམས།

དུང་ཞེན་གྱི་གླུ་ལེན་ས།

སྙན་འཇེབས་ཀྱི་དབྱངས་གྱེར་ས།

མཛེས་སྡུག་གི་གར་འཁྲབ་ས།

སྲིད་པ་འདིའི་མཛེས་སྡུག་ཡོད་ཚད་ཁུར་བའི་ལྷད་མེད་རྣམ་

དག་གི་གཡུ་ལུང་སྡེ་བ།

ནོར་ནག་གི་ངར་སྒྲ།

ཅང་ཤེས་ཀྱི་འཚེར་སྐད།

གཡང་དཀར་གྱི་འབའ་སྒྲ།

དུས་བཞི་ཡི་འཛུམ་མདངས་གསལ་བའི་མཐོ་སྒང་གི་མཛེས་ལྗོངས།

རྣམ་དག་དྭངས་གཙང་གི་ཁོར་ཡུག་ན་དགེ་བ་བཅུ་ཡི་ལུགས་སྲོལ་དར་ཞིང་།

དམ་ཆོས་བདུད་རྩི་ཡི་དྲི་ཆར་འོག་ན།

འུ་ཅག་བདེ་བའི་སྤྲོ་དབྱངས་ལ་རོལ།


  • ལེ་ཚན་སྔོན་མ།:སེམས་དཀྱིལ་ནས་བརྡོལ་བའི་འགྱོད་གདུང་།
  • ལེ་ཚན་རྗེས་མ།:རྒྱུད་འཛིན་པ་ཚོ།