སེམས་དཀྱིལ་ནས་བརྡོལ་བའི་འགྱོད་གདུང་།

ཡེ་ཤེས།        2017-03-24

དྲིན་ཕ་མས་བུ་ཕྲུག་སློབ་གྲྭར་བཏང་།།

རང་མི་རིགས་སྐད་ཡིག་སྦྱོང་བ་ལ།།

རྒན་བཀའ་དྲིན་ཅན་ལ་བསྟེན་ནས་ནི།།

ཉིན་དུས་དྲུག་འབད་པ་མ་ཆུང་ཟེར།།

 

བུ་སློབ་གྲྭའི་སྒོ་ཐེམ་འཛུལ་ནས་བཟུང་།།

ཟས་གང་ཞིམ་རང་ལ་ཨེ་འཐོབ་བལྟས།།

གོས་གང་འཇམ་ཉོ་བར་བློ་ཐབས་བྱས།།

དྲིན་ཕ་མའི་བཀའ་གསུང་རྒྱབ་ལ་བསྐྱུར།།

 

རྒན་དྲིན་ཆེན་བཀའ་ལ་མ་ཉན་ཞིང་།།

གྲོགས་བཟང་པོས་ཅི་ཟེར་མ་བརྩིས་ལ།།

མོ་མཛེས་མའི་ངོ་ལ་བལྟས་ནས་ནི།།

དུས་ཉིན་མཚན་ག་འགྲོ་མ་ཤེས་ཐལ།།

 

སྒོར་མང་པོ་ལག་ལ་འབྱོར་བའི་ཆེད།།

ཐབས་གང་ཡོད་བཏོན་ནས་ཕ་མ་ལ།།

སྒོར་མེད་ན་སྦྱང་བྱ་མི་ལོན་ཞིང་།།

བུ་འཇོན་ལྡན་དཀའ་ཞེས་ལྐོག་ནས་བསླུས།།

 

དངུལ་རག་དུས་གང་དགའ་གང་སྐྱིད་བྱས།།

ཆང་ཞིམ་པོ་བཏུང་ནས་གླུ་གར་རྩེད།།

སྣང་སྐྱིད་པོ་བྱས་ནས་མི་བུ་ང་།།

ལོ་ཉི་ཤུ་ལྷག་ཅིག་འདི་འདྲ་འདས།།

 

དུས་ད་ལྟ་ཕྱི་ལ་ཐོན་པའི་དུས།།

ཤེས་དགོས་པའི་རིག་གནས་ང་ལ་མེད།།

འཇོན་དགོས་པའི་ནུས་པ་དེ་བས་དབེན།།

སྤྲང་དབུལ་ཕོངས་སུམ་མདོར་ལུས་པ་བཞིན།།

 

སྐབས་དེ་དུས་ང་ཡི་བློ་ངོས་སུ།།

དྲིན་ཆེན་པོ་འདི་དག་ཡིད་ལ་ཤར།།

མིག་མཆི་མས་བཀང་ནས་ངུ་འབོད་དང་།།

འགྱོད་གདུང་བ་དྲག་པོས་མནར་ཏེ་ལུས།།

 

སྔོན་གྲོགས་བཟང་ད་ལྟ་ང་དང་བཀྱེད།།

མི་ཁེར་རྐྱང་ལུས་པའི་ཕོ་གསར་ངས།།

དུས་དེ་རིང་ན་གཞོན་བྱིས་པ་ལ།།

ངའི་རྗེས་འཇུག་ལམ་དུ་མ་བགྲོད་སྨྲས།།

 

བུ་སྟག་ཤར་རྒོད་པོ་བློ་མ་འཕྱུགས།།

སྨན་བུ་མོ་རིགས་བཟང་མགོ་མ་འཐོམ།།

དུས་ད་ལྟ་སློབ་སྦྱོང་བྱེད་པའི་ཚེ།།

སེམས་མ་ལྷོད་བརྩོན་པ་གྱིས་ཤིག་ཨང་།།

 

ལོ་ཆུང་དུས་དཀའ་བར་ཡེ་མ་འཛེམས།།

ནང་སྙིང་སྟོབས་གནམ་ལྕགས་ཐོག་འདྲ་བཅངས།།

དུས་སྐད་ཅིག་ཙམ་ཡང་ཆུད་མ་གཟོན།།

མཁོ་ཤེས་བྱས་རང་རྒྱུད་གཏམས་ལ་རེམས།།

  • ལེ་ཚན་སྔོན་མ།:ཕ་ཡུལ།
  • ལེ་ཚན་རྗེས་མ།:ཕ་ཡུལ་གཡུ་ལུང་།