ཕ་ཡུལ།

གྲིབ་མ།        2017-03-20

ཁ་སང་།

ངའི་ཕ་ཡུལ་ནི་དྲོ་སྐྱིད་ལྡན་པའི་ཞིང་ཁམས་ཤིག་ཏེ།

སྔོ་སངས་མཁའ་དབྱིངས་མཐའ་ཡས་ཤིང་གཡའ་དག་པ།

རྟ་བདུན་དབང་པོའི་དྲོ་འཇམ་ཉི་ཟེར་འཛིན་མའི་

ཡོངས་ལ་ཁྱབ།

ཤེལ་དཀར་གངས་རི་བརྗིད་ཉམས་ལྡན་ལ་སེང་གེ་དཀར་

མོའི་གཡུ་རལ་རྒྱས།

ཚང་ཚིང་གཡུའི་ཚལ་ན་རྒྱ་སྟག་ཁྲ་མོས་ངར་སྐད་སྒྲོག

མཎྜལ་གཡུའི་སྤང་རིར་མཛེས་སྡུག་ཤ་བ་དང་དགོ་བས་

བང་རྩལ་འགྲན།

སྔོ་ལྗང་རྩི་ལོ་རྒྱས་པའི་རྩྭ་ཐང་ན་རྟ་ནོར་ལུག་

གསུམ་ཁྲ་ཆིལ་ལེ།

རི་གྲོང་ཀུན་ན་བྱ་བྱིའུའི་མགྲིན་པའི་དབྱངས་ཀྱིས་ཁྱབ།

མདོར་ན།

ཁ་སང་།

ངའི་ཕ་ཡུལ་ནི།

ནམ་མཁའ་གསལ་ལ་ས་གཞི་མཛེས།

གངས་རི་དཀར་ལ་སྤང་རི་ལྗང་།

ནགས་ཚལ་སྟུག་ལ་རྩྭ་ཐང་ཡངས།

གཙང་ཆུ་དྭངས་ལ་ཁོར་ཡུག་སྐྱིད།

ཁ་སང་།

ངའི་ཕ་ཡུལ་དེ།

རྟ་ནོར་ལུག་གསུམ་གྱི་ཤ་ཤེད་རྒྱས་ས་དང་འབྲུ་དྲུག་གི་

སྙེ་མ་རྒྱས་ས།

ཁ་སང།

ངའི་ཕ་ཡུལ་ལ།

དབྱངས་གསལ་གྱི་རིན་ཐང་ཆོད་ལ་ཕ་སྐད་ཀྱི་

རང་མདངས་རྒྱས།

ཁ་སང་།               

ངའི་ཕ་ཡུལ--------


  • ལེ་ཚན་སྔོན་མ།:ཀ་རྩོམ་མགྲིན་པའི་མགུལ་རྒྱན།
  • ལེ་ཚན་རྗེས་མ།:སེམས་དཀྱིལ་ནས་བརྡོལ་བའི་འགྱོད་གདུང་།