ཁ་བ་དང་རྨི་ལམ།

ཤ་ཚ།        2017-03-27

ཁ་བ་ནི་གྲང་ཟུག་གི་རུས་པ་ཡིན།

རུས་པ་ས་སྟེང་ན་བལ་ལྟར་གཡོ་དུས།

འཇིག་རྟེན་གྱི་ཆོས་ཉིད་ལ་འགྲེལ་པ་བྱེད་མཁན་དཀོན།

སྤྲིན་རུམ་ན་ཡིབ་པའི་སྐར་ཚོགས་མང་པོས།

མུན་པའི་བྲང་གཞུང་ལ་སྐྱོ་གདུང་གི་མཆི་མ་བརླན་པས།

ཉི་འོད་མོག་པོ་ཞིག་གི་སེམས་གསོའང་དཀོན་པའི་དོ་ནུབ།

མཚན་མོའི་གཤོག་སྟེང་ན་རྨི་ལམ་གྱི་ཟིལ་པ་སྒུག

རེག་བྱའི་བདེ་བ་རྫོགས་པའི་མལ་ཁུང་དག

སེམས་ཀྱི་འདུ་ཤེས་སུ་ར་འཕྲོད་པར་དཀའ་བས།

རླུང་བུ་བཞོན་པའི་གྲང་ངད་ཀྱི་རྨི་ལམ་མང་པོ།

རུམ་ཁོང་ན་བཙན་གྱིས་འཚངས་ཏེ།

ནར་མ་སོན་པའི་སེམས་ཀྱི་རྟེའུ་ཆུང་།

ཁ་བའི་འཇིག་རྟེན་གྱི་སྤོ་ན་བཙན་གྱིས་བསྒྲལ།

ཁ་བའི་དགེ་སྐྱོན་གྱིས་མི་ཡུལ་ལ་རྩོད་པའི་ས་བོན་བཏབ་ཅིང་།

ཁ་བའི་རྡུལ་ཕྲན་གྱིས་རི་ལུང་ལ་མཐོ་དམན་དང་རྒྱང་ཕད་བཟོས།

དོན་དུ་དགེ་མཚན་ནི་སྐྱོན་གྱི་ཕྱེད་ཆ་ཡིན་ལ།

སྐྱོན་ནི་དགེ་མཚན་མ་སྨིན་པ་འབའ་ཞིག་ཡིན་ཞིང་།

མཐོ་བ་ནི་དམའ་བའི་སྐས་རིམ་ལས་བྱུང་ལ།

དམའ་བ་ནི་མཐོ་བའི་རྨང་གཞི་རུ་ཟད་པས།

རྟོག་གེའི་གཏན་ཚིགས་མངའ་བའི་རྒན་པོ་དག

ཐོག་མར་ངོ་མཚར་གྱི་བཞད་བགད་འཆོར་བཞིན།

ཀླན་ཀར་རྣ་ཟུང་བླགས་རྗེས།

རིམ་གྱིས་ཁ་རོག་གེར་གངས་ཁྲོད་ན་མིག་ཆུ་འཕྱུངས།

ཁོ་པའི་མིག་ཆུ་མཁུར་རུས་ཐོག་འཁྱགས་ལ་ཤོར་བས།

ཙག་ཤད་ངར་པོ་ཞིག་སྙིང་ཁ་ལས་ལྡང་སྟེ།

ན་ནིང་དང་གཞེས་ནིང་གི་དྲོད་ཤ་ནེམ་པོས།

ཁོའི་སྙིང་སྟོབས་ངན་ཁྲེབ་ལ་ཤོར་དུ་བཅུག་པ་ད་གཟོད་དྲན།

གློ་བུར་དུ་ཕྱི་རོལ་ནས་བུ་ཡུག་གི་གད་རྒྱངས་བསྒྲགས་པས།

ཆེས་མཐའ་མའི་བདེ་སྐྱིད་ཀྱི་གཉིད་ཐུན།

གྲང་ངད་དང་མུན་པ་སྟུག་པོའི་གཞི་རིམ་ན།

བཙན་གྱིས་སྤྱུགས།

ཕྱི་རོལ་གྱི་ཁ་བའི་འཇིག་རྟེན།

གྲང་ཟུག་དང་ལྷགས་རླུང་གིས་བཞེངས་པའི་དུར་ས་ན།

ཀེང་རུས་བཞིན་ལུས།


  • ལེ་ཚན་སྔོན་མ།:རྒྱུད་འཛིན་པ་ཚོ།
  • ལེ་ཚན་རྗེས་མ།:ཕ་ཡུལ་ན་དཔྱིད་ཀ་སླེབས་འདུག