བསོད་ནམས་གཡང་འཛོམས། 2020-01-06
ཀ་ཁ་བོད་མིའི་བླ་སྲོག་ཡིན་ཟེར་ཏེ༎
ཁ་ནས་རྟག་ཏུ་ར་མ་ལུག་གི་སྐད༎
ག་ས་གང་དུ་ཕྱིན་ཀྱང་སྐད་འདི་ཐོས༎
ང་ཡི་སེམས་པ་སྡུག་གིས་ཁེངས་པར་གྱུར༎
ཅ་ཅོ་འུར་སྒྲས་དབེན་པའི་སློབ་གླིང་ན༎
ཆ་ཚང་བོད་སྐད་གཙང་མ་མ་སྤྱོད་པར༎
ཇ་ཆང་ལ་སོགས་བག་མེད་ལོངས་སྤྱོད་ན༎
ཉ་མོ་ཆུ་གཏིང་འཛུལ་བཞིན་བརླག་པར་འགྱུར༎
ཏ་ལིའི་ཤིང་བཞིན་རྩ་བ་བརྟན་པ་དང་༎
ཐ་མལ་ལམ་ལས་ལྡོག་པའི་ཤེས་དཔལ་མཆོག།
ད་རེས་ཁུར་ཆེན་ངེད་རབས་ཚེ་ལ་བབས།།
ན་གཞོན་གྲོགས་པོ་མ་གཡེང་སློབ་ལ་འབད༎
པ་ཕས་ངེད་ལ་བཞག་པའི་སྐད་ཡིག་འདི༎
ཕ་བཟང་བུ་ཡིས་མི་སྐྱོང་སུ་ཡིས་བསྐྱང་༎
བ་མོས་བེའུ་ལ་གཅེས་ལྟར་བདག་འཛིན་གྱིས༎
མ་འོངས་འགྱོད་པ་ཤོར་ཡང་ཕན་པ་མེད༎
ཙ་ཀ་ལའི་ལྟར་བོད་ཀྱི་སྐད་ཡིག་འདི༎
ཚ་བའི་ཡུལ་ལ་མི་འཇིགས་གསར་དུ་གཏོད༎
ཛ་ཛོ་མེད་པའི་བོད་ཁམས་ཡོངས་ལ་སྤེལ༎
ཝ་ལེར་དྲན་དུས་གུས་སེམས་དབང་མེད་སྤྲོ༎
ཞ་ཉེ་སྐྱེས་ལྟར་འཛམ་གླིང་ཀུན་ལ་ཁྱབ༎
ཟ་རྒྱུ་ཙམ་ལ་རྨོངས་ནས་མ་བསྡད་རོགས༎
འུ་ཅག་རང་རིགས་རིགས་གཞུང་དར་སྤེལ་གཏོང༎
ཡ་རབས་སྔོན་ཐོན་རྣམས་ལ་སློབ་སྦྱོང་བྱོས༎
ར་མ་ལུག་གིས་སྐད་དེ་ཡོངས་དོར་ནས༎
ལ་ལུང་གང་དུ་སོང་ཡང་ཕ་སྐད་ཤོད༎
ཤ་ཟ་གདོང་དམར་བོད་ཀྱི་རིགས་རྒྱུད་འདི༎
ས་ཆ་གང་དུ་ཕྱིན་ཡང་ངོ་མི་གནོང་༎
ཧ་ཅང་བཟང་བའི་དུས་རབས་འདིར་བསྟུན་ནས༎
ཨ་མ་མཆོག་གི་རུས་པ་གསེར་གྱིས་རྒྱན༎
ཧ་ཅང་སྙན་རྒྱུ་མེད་པའི་བདེན་གཏམ་འདི༎
ཨ་དམན་ང་ཡི་བརྩེ་བའི་རླབས་རིས་ཡིན།།
རྩོམ་གསར། 10