བསོད་ནམས་གཡང་འཛོམས། 2020-01-06
ལང་ཚོ་མི་སྡོད་རི་གཟར་འབབ་པའི་ཆུ༎
རིང་པོ་མི་དགོས་སྐད་ཅིག་ཉིད་ལ་འདས༎
ནམ་ཞིག་སྐྱེ་ན་ནམ་ཞིག་རྒ་བ་ཡིན༎
ཡུན་ཐུང་མི་ཚི་འདི་ལ་སྙིང་རེ་ན༎
འཇིག་རྟེན་འཁོར་བ་ཆུ་ཚོད་བཞིན་དུ་འཁོར༎
མི་ལུས་རིན་ཆེན་མར་མེ་བཞིན་དུ་ཟད༎
མི་ཚེ་ཐུང་ཐུང་དོན་དག་མང་པོ་རེད༎
བསྒྲུབ་རྒྱུ་ཉུང་ཉུང་བྲེལ་འཚུབ་ཇེ་ཆེར་རེད༎
ལང་ཚོ་བར་མཚམས་མེད་པའི་ཆུ་བོ་བཞིན༎
རྦ་རླབས་དྲག་པོ་བརྒལ་ནས་མདུན་དུ་བསྐྱོད༎
ལང་ཚོ་སྐྱེ་སྟོབས་ཆེ་བའི་ཤིང་སྡོང་བཞིན༎
ཆར་རླུང་བརྒྱུད་ནས་ཡལ་འདབ་ལོ་མ་རྒྱས༎
ལང་ཚོ་བཞད་ལ་ཉེ་བའི་མེ་ཏོག་བཞིན༎
རང་ཉིད་ལང་ལོང་འཛམ་གླིང་ཡོངས་ལ་སྟོན༎
དེ་རིང་ལང་ཚོའི་ཆེད་དུ་འབད་པ་བྱ༎
སང་ཉིན་ལང་ཚོ་ཕྱི་དྲན་འོས་པ་བྱས༎
ལ་ལས་ལང་ཚོ་ཐུགས་སེམས་སྤྲོ་བའི་འགོ།
ལ་ལས་ལང་ཚོ་དཀའ་སྡུག་མྱོང་བའི་འགོ།
ལ་ལས་ལང་ཚོ་རྨོངས་པའི་དུས་ཀྱི་འགོ།
ལ་ལས་ལང་ཚོ་མདུན་ལམ་ཉོག་པའི་འགོ།
སྙན་འཇེབས་གླུ་དབྱངས་ལེ་ཚན་ལང་ཚོ་ཡིན༎
གློག་བརྙན་མཛེས་སྡུག་ལེ་ཚན་ལང་ཚོ་ཡིན༎
ཡུལ་སྐོར་ལྷོད་གཡེང་ལེ་ཚན་ལང་ཚོ་ཡིན༎
ཚོན་ལྔའི་རི་མོ་ལེ་ཚན་ལང་ཚོ་ཡིན༎
ལང་ཚོ་སེམས་ནང་མགོ་རྨོངས་ཆེ་བའི་དུས༎
ལང་ཚོ་བརྩེ་དུང་སྙིང་རྗེ་ཆེ་བའི་དུས༎
ལང་ཚོ་བྱིས་པའི་བྱིས་བློ་འདས་པའི་དུས༎
ལང་ཚོ་ཕུགས་བསམ་བཅང་བའི་དུས་ཚིགས་ཡིན༎
ལང་ཚོ་ནམ་མཁའི་སྐར་མདའ་ནང་ལྟར་ཏེ༎
མཛེས་སྡུག་ལྡན་ཡང་དུས་ཡུན་ཧ་ཅང་ཐུང་༎
ལང་ཚོ་ནམ་མཁའི་གློག་འཁྱུག་ནང་ལྟར་ཏེ༎
གློ་བུར་འཁྱུག་ཀྱང་དུས་ཡུན་ཧ་ཅང་ཐུང་༎
འབད་པ་མེད་ན་ལང་ཚོའི་མཛེས་སྡུག་མེད༎
འབད་པ་མེད་ན་ལང་ཚོའི་བརྗིད་ཉམས་མེད༎
འབད་པ་མེད་ན་ལང་ཚོའི་དོན་སྙིང་མེད༎
འབད་པ་མེད་ན་ལང་ཚོའི་གཟི་བརྗིད་མེད༎
སྙིང་ནས་བརྩེ་བའི་གྲོགས་པོ་རྣམ་པ་ལགས༎
སྐྱེ་བོ་གཅིག་གིས་ལང་ཚོ་གཅིག་པུ་དེ༎
འཕྲོ་བརླག་མ་བྱེད་འགྱོད་པ་མེད་པར་གྱིས༎
རྟ་ཕོས་བང་རྩལ་ངོམས་ལྟར་ལང་ཚོར་བརྒྱན༎
རྩོམ་གསར། 10