མེ་མོ་བྱ་ཡི་གནམ་ལོ་གསར་བ་བསུ།

རྐང་ཚའི་ཆོས་བཟང་།        2017-02-27

གནམ་ལོ་གསར་བའི་སྐྱ་རེངས་དང་འགྲོག་སྟེ།།

ཆོལ་གསུམ་ཆོས་རིག་དར་བའི་ཞིང་ཁམས་ལ།།

ཁ་གཡང་བཀྲ་ཤིས་བདེ་ལེགས་འབྱུང་བ་ཡི།།

ཤིས་ཚིག་དྲི་མེད་ཁ་བཏགས་ཡུག་གཅིག་འབུལ།།

གནམ་ལོ་གསར་བ་མེ་མོ་བྱ་ཡིས་ཚེས།།

ལྷ་བྱ་དཀར་མོ་སྲིད་པའི་ལྗོངས་ལ་བྱོན།།

ཞི་བདེའི་འབོད་སྒྲ་ཁ་བའི་ཡུལ་ལ་བསྒྲགས།།

ཆོལ་གསུམ་བོད་ལ་སྐྱིད་པའི་ཉི་མ་ཤར།།

ཁྲི་གཤོག་མཚོ་མོའི་རླབས་སྒྲ་དགུང་ལ་རྩེན།།

བྱ་ཁྱུ་དཀར་པོའི་གཤོག་རྡང་གར་ལ་བསྒྱུར།།

ཕུན་ཚོགས་ཕྱྭ་གཡང་ཀླུ་རྒྱལ་མཛོད་ལས་དྲངས།།

གནམ་ལོ་གསར་བར་བདེ་སྐྱིད་དཔལ་ཡོན་བསུ།།

འཛམ་གླིང་ཞི་བདེ་མི་མཐུན་རྒོལ་བ་འཇོམས།།

ཚན་རྩལ་ཡར་རྒྱས་རྣམ་པ་གསར་བ་བསྐྲུན།།

སློབ་གསོ་གོང་འཕེལ་མ་རིག་མུན་པ་སེལ།།

གནམ་ལོ་གསར་བར་རེ་བའི་ཤིས་ཚིག་བྲི།།

དཔལ་ལྡན་བླ་མའི་འཕྲིན་ལས་རྒྱས་པ་དང་།།

ཆོས་བྱེད་སྐྱེས་བུར་བར་ཆད་མི་འབྱུང་བའི།།

མཐུན་རྐྱེན་བསོད་ནམས་དཔལ་དང་འབྱོར་བ་ཡི།།

དབུ་འཕང་ཡར་ལ་འདེགས་པའི་ཤིས་པ་སྩོལ།།

ཡ་རབས་མེས་པོའི་གཤིས་བཟང་སྤེལ་བ་དང་།།

སྟོབས་འབྱོར་རིགས་རྒྱུད་ཁོ་ལག་རྫོགས་པ་ཡི།།

དགེ་མཚན་འབུམ་གྱི་རླུང་རྟའི་དར་པོ་ཆེ།།

མི་ནུབ་བསྒྲེང་ལ་སྤོབས་པའི་དཔལ་གཡང་ཁུགས།།

ལས་ལ་ནད་མེད་བདེ་སྐྱིད་འབྱུང་བ་དང་།།

ཡིད་ལ་གང་དྲན་བསམ་དོན་འགྲུབ་པ་ཡི།།

རེ་བའི་སྨོན་ལམ་མ་ལུས་ཡོངས་རྫོགས་ཏེ།།

ལེགས་ཚོགས་གསར་བའི་དཔལ་ཡོན་རྒྱས་གྱུར་ཅིག།

གངས་ཅན་བོད་མིའི་བསོད་ནམས་ཡར་ངོའི་ཟླ།།

གོང་ནས་གོང་འཕེལ་ཚེ་དཔལ་སྟོབས་འབྱོར་དར།།

སྙན་གྲགས་འདོད་དགུའི་ལོངས་སྤྱོད་མ་ལུས་པ།།

གནམ་ལོ་གསར་བར་ལྷུན་གྱིས་འགྲུབ་པར་ཤོག།


  • ལེ་ཚན་སྔོན་མ།:དགའ་ལྡན་ལྔ་མཆོད་ཀྱི་ལེགས་སྐྱེས།
  • ལེ་ཚན་རྗེས་མ།:མ་ལོའི་དབྱངས་རྟ།