མ་ལོའི་དབྱངས་རྟ།

གཡང་མཚོ།        2017-10-30

འཇིག་རྟེན་ན་སྙན་ལྷང་ལྷང་དུ་གྲགས་པའི་དབྱངས་རྟ་ཞིག 

ས་གཞི་ན་བྱམས་དུངས་དུངས་ཀྱིས་རྒྱུ་བའི་དབྱངས་རྟ་ཞིག

ནམ་མཁའ་ནས་འོད་ལམ་ལམ་དུ་མཆེད་པའི་ཉི་ཟེར་བཞིན།

སྤང་ཐང་ནས་འཛུམ་དམུལ་དམུལ་དུ་བཞད་པའི་མེ་ཏོག་བཞིན།

གོ་ལ་ཟླུམ་པོའི་དཀྱིལ་སྙིང་དུ་ལྷགས་པ་ནི་ཚོགས་བསགས་ཤིག་ཡིན་ལ།

འཛམ་གླིང་ཡང་རྩེའི་རི་གྲོང་དུ་གནས་པ་ནི་བསོད་ནམས་ཤིག་ཅི་ལ་མིན།

 

འཇིག་རྟེན་གྱི་ཕྱི་རོལ་ན་འཁྱམ་པའི་རྣམ་ཤེས་ཤིག

སྙན་ལྷང་ལྷང་གི་དབྱངས་རྟ་ཞིག་གིས་བོས་ཏེ།

སྤྲོ་འཛུམ་འཛུམ་གྱི་རང་མདངས་ཤིག་གིས་བསུས།

ཕ་སྤྲེའུ་བྱང་ཆུབ་སེམས་དཔའི་བྱིན་རླབས་དང་།

མ་བྲག་སྲིན་མོའི་བྱམས་སྐྱོང་གིས།

ལྷོ་ཁའི་ཡར་ཀླུང་ནས་གངས་ལྗོངས་ཀྱི་པང་ཁུག་ཏུ་འཁྲུངས།

སྒྲུང་ལྡེའུ་བོན་གསུམ་གྱིས་གསོས་ཤིང་།

སྲིད་པ་ཆགས་གླུ་ཡིས་བརྒྱན་ནས།

རྩྭ་ཐང་གི་རྒྱན་ཆར་གྱུར། ཞིང་གྲོང་གི་སྙན་ཚིག་བྱེད།

རྟ་ནོར་ལུག་གསུམ་གྱི་ཁ་ཟས་དང་། གྲོ་ནས་སྲན་གསུམ་གྱི་ས་བོན་དུ་གྱུར།

 

དབྱངས་རྟ་འདི།

ཡུམ་བུ་བླ་སྒང་ནས་རྩེ་པོ་ཏ་ལར།

ནར་སོན་ཞིང་རྒྱང་དུ་ཁྱབ།

སྐབས་དེར་དབྱངས་རྟ་འདི།

སྲོལ་རྒྱུན་རིག་གནས་ཀྱི་སྲོག་རྟེན་དུ་གྱུར་ཟིན་ལ།

དེང་རབས་རིག་གནས་ཀྱི་གཤིས་སུ་འཐིམས་ཡོད།

དུས་དེ་ནས་བཟུང་དབྱངས་རྟ་འདི།

དབྱངས་གསལ་སོ་བཞིའི་ཕྲེང་ཐག་ལ་བརྒྱུས་ནས།

བཅུ་ཕྲག་རིག་པའི་དབུགས་ཀྱི་རྒྱུ་བར་གྱུར།

ལོ་པཎ་ཁྲི་ཕྲག་གི་ལུས་ཟུངས་དྭངས་མར་འདྲིས།

 

དབྱངས་རྟ་འདིའི།

སྐད་གྲགས་ཤིན་ཏུ་ཆེ་ལ། རླུང་རྟ་ལྷག་ཏུ་དར།

ཨེ་མ། དབྱངས་རྟ་འདི།

གངས་དཀར་ཏི་སེ་ནས་བྱོན་པའི་མ་ལོའི་དབྱངས་རྟ་ཡིན།

རྨ་རྒྱལ་སྦོམ་ར་ནས་གྲགས་པའི་མ་ལོའི་དབྱངས་རྟ་ཡིན།

 

འདི་ནི་མ་ལོའི་བྱམས་སེམས་ལས་མཆེད་པའི་དབྱངས་རྟ་དྭངས་མ་ཡིན།

འདི་ནི་མ་ལོའི་རུམ་ཁོང་ནས་ཐོན་པའི་དབྱངས་རྟ་དྲོན་མོ་ཡིན།

འདི་ནི་མ་ལོའི་ནུ་འོ་ལས་བརྡོལ་བའི་དབྱངས་རྟ་ཞིམ་པོ་ཡིན།

འདི་ནི་མ་ལོའི་ངག་སྒོ་ནས་འཕྱུར་བའི་དབྱངས་རྟ་རྣལ་མ་ཡིན།

མ་ལོ། ཁྱོད་ཀྱི་དབྱངས་རྟ།

ཕ་མེས་མ་མེས་ཀྱི་གཞིས་ཁྱིམ་ཡིན་ལ།

བུ་རབས་ཚ་རྒྱུད་ཀྱི་ལང་ཚོའི་གསོན་ཤུགས་ཡིན།

མཐོ་སྒང་གི་ཉིན་སྲིབ་སྲུང་བྱེད་ཀྱི་སོ་པ་ཡིན།


  • ལེ་ཚན་སྔོན་མ།:མེ་མོ་བྱ་ཡི་གནམ་ལོ་གསར་བ་བསུ།
  • ལེ་ཚན་རྗེས་མ།:འཇིག་རྟེན་པའི་གླུ་དབྱངས།