ཀུན་གྱི་ནོར་བུ།

བསོད་ནམས་གཡང་འཛོམས།        2020-01-07

ལག་ཐོགས་ཁ་པར་ཟེར་བའི་ཡོ་བྱད་དེ།།

དུས་རབས་འདི་ནང་མ་རྩེ་གཅིག་ཀྱང་མེད།།

ན་གཞོན་རྒན་བྱིས་ཚང་མས་ལྟ་དགའ་ཆེ།།

ཀུན་གྱི་ནོར་བུ་མི་འགྱུར་ག་ལ་སྲིད།།

ཀུན་གྱི་ནོར་བུ་དེ་ལ་གནོད་འཚེ་ཆེ།།

འཕྲིན་ཕྲན་ཚོགས་པའི་མི་བར་ཁ་རྩོད་སློང་།།

འཁྱུག་དབྱིངས་གློག་བརྙན་མི་ཡི་བསམ་བློ་བསྒྱུར།།

ན་གཞོན་རྒན་བྱིས་ཚང་མ་འདི་ཡིས་ཕུང།།

འབད་པའི་ལམ་ལ་སྐྱོད་པའི་གཞོན་ནུ་རྣམས།།

སློབ་ལ་མ་འབད་ནོར་བུར་ཁ་གཡེང་ནས།།

རང་འཁྲིའི་ལས་ཀ་ཕར་རིའི་རྒྱན་དུ་ལུས།།

སོ་སོའི་རེ་ལྡན་མ་འོངས་རྩ་མེད་བཏང་།།

གཞུང་དྲང་བཅོས་མིན་ལྡན་པའི་བྱིས་པ་རྣམས།།

འཚར་ལོངས་སྒང་ལ་ནོར་བུར་ཁ་གཡེང་ནས།།

གྲུང་ཤ་དོད་པོའི་སྣང་ཚུལ་ཀུན་ཡལ་ཞིང་།།

འདྲེན་བྱེད་དྭངས་མའི་མཁའ་ལ་རྡུལ་གྱིས་ཁེངས།།

འཁར་བར་བརྟེན་པའི་གྲོང་ཁྱེར་བགྲེས་སོང་རྣམས།།

དགེ་སྒྲུབ་ལུས་སྦྱོང་མི་བྱེད་ནོར་བུར་གཡེང་།།

ཚེ་མཇུག་དུས་ཚོད་སྐྱིད་པོ་འཕྲོ་བརླག་བཏང་།།

དོན་ལྡན་འཚོ་བའི་སྙིང་པོ་ཡོངས་སུ་བོར།།

ཀུན་གྱི་ནོར་བུར་གྱུར་པའི་ཡོ་བྱད་འདི།།

དངོས་སུ་བཤད་ན་གནོད་པ་ཕན་ལས་མང་།།

འོན་ཀྱང་ཁྱོད་ཀྱིས་ལུགས་མཐུན་བཀོལ་སྤྱོད་ན།།

ཡོ་བྱད་དེ་ཡང་ནོར་བུ་ངོ་མ་འགྱུར།།

ན་གཞོན་རྒན་བྱིས་རྣམ་པ་ཚུར་ལ་གསོན།།

འཕྲིན་ཕྲན་ཚོགས་པའི་ནང་དུ་མདུན་ལམ་མེད།།

འཁྱུག་དབྱིངས་ནང་ལ་འཁོར་ན་བདེ་སྐྱིད་མེད།།

དྲྭ་རྒྱའི་རྩེད་མོས་ལུས་སེམས་གཉིས་ཆ་ཕུང་།།

ཀུན་གྱིས་ནོར་བུ་འདི་ཡང་སྤྱོད་ཤེས་དགོས།།

རྐྱེན་ངན་གྲོགས་སུ་བསྒྱུར་བའི་ཐབས་ཤེས་དགོས།།

ལེགས་ཉེས་བླང་དོར་ཤེས་པའི་རྣམ་དཔྱོད་དགོས།།

མི་ཚེ་དོན་དང་ལྡན་པ་འབད་ཀྱང་དགོས།།


  • ལེ་ཚན་སྔོན་མ།:ཀ་རྩོམ་བརྩེ་བའི་རླབས་རིས།
  • ལེ་ཚན་རྗེས་མ།:དྲན་པའི་དུང་བ།