གཞི་ཚང་ཟླ་བ་གྲགས་པ། 2020-01-03
སྲིད་པའི་ཉི་མ་རྒྱང་རིང་ཚང་དུ་ཡིབ།།
ལྷོ་མཐའི་མུན་པ་དུས་ཀྱིས་ལང་འགོ་ཚུགས།།
སྲོད་ཁའི་དྲན་པ་དར་ལྕེ་སྒུལ་བ་བཞིན།།
བརྟན་ཞིང་བརླིང་བའི་ཞི་ཚུལ་དོད་པར་དཀའ།།
ཐག་རིང་མི་ཁྱོད་ཁ་བའི་མེ་ཏོག་བཞིན།།
གངས་ཀྱི་མགུལ་དུ་ལྷམ་མེར་འཛུམ་པའི་ཚེ།།
དབྱིངས་ཀྱི་སྒྲོལ་མ་ད་དུང་མ་མངོན་པས།།
ཡིད་ཀྱིས་ཆོ་ངེ་འདེབས་བཞིན་མིག་ཆུ་འཐུང་།།
ལས་འཕྲོའི་རི་མོ་སྲིད་པའི་གཞུང་ལ་གསལ།།
དམིགས་པ་དགུང་དུ་གཏད་ལ་མི་ཚེགས་སམ།།
ཁྱི་འཁྱམས་འདི་དག་འཕུར་ལ་མ་རངས་པར།།
གཡས་རི་གཡོན་རི་གང་སར་ཉུལ་ཉུལ་བྱེད།།
ནམ་འཕངས་གཅོད་པའི་གཤོག་ཟུང་ཆད་གྱུར་ན།།
ཕྱི་རོལ་སྦས་མཛངས་མ་དག་མཐོང་བར་དཀའ།།
ས་མཐའི་འདམ་ལ་བྱིང་པའི་ངང་ཕྲུག་ཁྱོད།།
མཚོ་མོ་བསྐོར་ནས་མི་འདུག་ཅི་ཞིག་བྱ།།
དཀར་སེར་དམར་སྔོ་ཅི་ཡིས་གཏུམས་གྱུར་ཀྱང་།།
རྡོ་བ་ཅོག་ཀུན་སྔ་བཞིན་བེམ་གཟུགས་ཉིད།།
གསེར་དངུལ་མཛོད་དུ་རྡོ་བ་སྤུངས་པ་ཡིས།།
ས་ཐོབ་བྱང་འཕགས་ལ་ཡང་མིག་ཆུ་བསྩལ།།
ཁྱོད་ཀྱི་རྣམ་པ་གཟུགས་མེད་རླུང་བུ་བཞིན།།
སྒོ་ཁུང་གས་སྲུབས་མཚམས་ནས་ནང་དུ་འཛུལ།།
སེམས་དང་སེམས་འབྱུང་གདུང་བས་མ་བཟོད་པར།།
ས་འདིའི་རླུང་བུ་དག་ལ་དུངས་སྣང་སྐྱེས།།
ཀྱེ་མ་ནམ་མཁའི་པང་གི་ངང་དཀར་མ།།
སྙོམས་པོའི་ལག་ཟུང་གཟེད་ཀྱང་རེག་ཐབས་བྲལ།།
གཏིང་ནས་སྨྲེང་བའི་དངན་པ་འཐེན་པའི་གླུ།།
སྐར་མས་ཐོས་སམ་ཀླད་ན་འདར་འདར་བྱེད།།
ཉི་མའི་མིང་ཡིག་ཐོབ་ལ་དཔལ་བྲལ་ཡང་།།
ཐུན་གསུམ་ལམ་བུ་ཁྱོད་ཀྱིས་གསལ་བ་ནུས།།
མཚན་མོའི་གྲོང་ན་བཅས་པའི་འུག་རྒན་ངས།།
སྲིད་པའི་ཟླ་བ་ཁྱེད་རང་ཡང་ཡང་བཟློ།།
རྩོམ་གསར། 10