སྨྲེང་བའི་གླུ།

འབོར་གཞུང་ལྷ་མོ་ཚེ་བརྟན།        2020-01-03

ས་གཞི་འཁྱག་པས་བསྡམས་སོང་།།

སྡོང་ལོ་བད་ཀྱིས་སྦངས་འདུག།

དྲོ་སྣང་ཕྲན་ཙམ་མེད་པ།།

དགུན་ཟླ་སླེབས་པས་ལན་ནམ།།


ཁང་ཆུང་སྟོང་བར་ལུས་སོང་།།

ཡིད་སེམས་སྨྲེང་བས་གཟིར་འདུག།

སྐྱིད་སྣང་ཕྲན་ཙམ་མེད་པ།།

ཁོ་མོ་སོང་བས་ལན་ནམ།།


སྟོང་བའི་ནམ་མཁའ་ཡངས་རུང་།།

བྱིའུ་ཆུང་འཕུར་བློ་མི་འདུག།

གཅེས་པའི་རྨི་ལམ་མོད་ཀྱང་།།

ང་ལ་བསམ་འདུན་མི་འདུག།


ཁྲ་ཚོམ་མི་ཡུལ་ལྟད་མོ།།

ཚོན་བྲིས་རི་མོ་འདྲ་བྱུང་།།

རྣམ་ཤེས་བུང་བ་འཁོར་སའི།།

མེ་ཏོག་སེར་ཆེན་ཁྱོད་རེད།།


ཁྱེད་རང་རྒྱང་ལ་སོང་བའི།།

ཁེར་རྐྱང་མཚན་མོ་རེ་རེར།།

ང་རང་འཆམ་འཆམ་འགྲོ་ས།།

དགུང་གི་སྐར་མའི་ཁྱིམ་རེད།།

  

  • ལེ་ཚན་སྔོན་མ།:ཚིག་ལ་དོད་པའི་དབྱངས་འབྲས།
  • ལེ་ཚན་རྗེས་མ།:​ཟླ་བ་ཆེ་གེ་མོ།