དུས་ཀྱི་ཕོ་ཉ། 2020-01-02
དབུ་ཆུའི་གཙང་འགྲམ་ཞིག་ནས།།
སེམས་ཀྱི་གཞས་ཤིག་བསྐུར་ཡོད།།
འབྲོག་རིའི་ལུང་པའི་ནང་གི།།
མདངས་ལྡན་མེ་ཏོག་སེར་ཆེན།།
གཞས་ཆུང་ཞེ་ལ་འཕྲད་ན།།
ལུས་ཀྱི་དྲིལ་ཆུང་འགྲོལ་རོགས།།
དབྱིངས་ཀྱི་རྒྱན་ལ་བཞུགས་པའི།།
སྤྲིན་གསེབ་ཉི་མ་ཟླ་བ།།
འཇའ་ཚོན་འོད་ཐག་སྣ་ལྔ།།
བྱམས་པའི་ལས་འཕྲོ་ཡིན་ན།།
འཁོར་བའི་སྒོ་ཆེན་མཐའ་ནས།།
བརྩེ་བའི་དབྱངས་རྟ་ལེན་ཆོག །
སེམས་ཀྱི་སྐར་ཁུང་ནང་གི།།
ཞེ་ཡི་སྨིན་དྲུག་ཁྲ་མོ།།
ཟླ་བའི་འོད་ངོགས་ཤིག་ནས།།
དམ་བཅའི་རི་མོ་གསལ་ན།།
དྭངས་བའི་རྨི་ལམ་ཞིང་ནས།།
འཛོམས་པའི་ཕོ་བྲང་ངས་བཞེངས།།
ནམ་ཟླ་དབྱར་ཁ་ཚེས་ཀྱང་།།
ནང་སེམས་དགུན་ཁ་ཐོན་པའི།།
བྱམས་པའི་དགྱེས་ཞལ་མེད་ན།།
ཚེ་ཡི་ཕྲེང་བ་གཏོར་འདོད།།
སུན་སྣང་ལྷགས་རླུང་དམར་པོ།།
ལ་དང་ལུང་ནས་གཡུག་བྱུང་།།
ལས་འཕྲོའི་མེ་ཏོག་སེར་ཆེན།།
བསོད་ནམས་སྐལ་བཟང་ཕོག་ན།།
མཛའ་བརྩེ་འཛུམ་དཀར་ཟེའུ་འབྲུ།།
ངང་ཆུང་ཟས་སྣ་འགྲིག་ཡོད།།
ལང་ཚོ་མཆོད་པའི་ཁ་ལ།།
བྱིན་རླབས་མེ་དྲོད་འཁྱིལ་ཡོད།།
དྲན་པ་རི་ལ་བཀུགས་ན།།
རི་ཆེན་སྨུག་པས་དཀྲིས་འདུག།
སྨུག་པ་སྤྲིན་དང་བསྡེབས་ནས།།
ཁྱོད་ཕྱོགས་ས་རུ་བཞུད་ཐལ།།
རླུང་བུ་ཡར་ཡོང་ཞིག་ལ།།
ཚིག་གི་མེ་ཏོག་བསྐུར་རོགས།།
གཡང་གི་རྔོག་ཆུང་ཁམ་པ།།
སྒ་སྲབ་བསྒྲིག་འདོད་ཡོད་ཀྱང་།།
སེམས་མེད་ཀི་སྒྲ་ཞིག་གིས།།
རྟ་ཕོ་རི་ལ་ཤོར་ཐལ།།
འཁྱམས་པོ་རྐང་ཐང་ཞིག་གི།།
གོམ་ཁ་རྒྱང་གཏད་བྱུང་སོང་།།
ཨ་ཇོ་ཁྲེལ་མེད་མ་གསུངས།།
དམ་ཚིག་རུས་རྐང་གསེང་ཡིན།།
ཐུགས་སེམས་སྐྱོ་བ་མ་གནང་།།
འཁྱམས་པོའི་ལས་དབང་ཡིན་འདུག །
རྩོམ་གསར། 10