རབ་བརྟན། 2020-01-02
བསིལ་བསིལ་རླུང་བུ་ག་སར་ལྡང་གིན་ཡོད།།
དྲོད་འཇམ་ཉི་འོད་ལན་རེར་ཆེས་ཆེར་འཕྲོ།།
དུས་བཞིའི་དབྱེ་བ་མེད་པར་འཁྱག་སིབ་སིབ།།
ས་མཐོ་ཆུ་གཙང་ཡུལ་དེ་ཀུན་ལས་གྲང་།།
འོན་ཏེ་ཁྱིམ་གཞིས་དྲོད་ཁོལ་ཅན་པོ་དེ།།
ཡངས་བའི་རྩྭ་ཐང་དབུས་ན་ལྷན་མེར་གནས།།
ཁྱིམ་གྱི་བདེ་སྡུག་མ་མ་གཅིག་གིས་འདེགས།།
བལྟས་ཚོད་དཀའ་ངལ་ཆེ་ཡང་བདེ་སྐྱིད་ལྡན།།
བགེགས་དང་རྐྱེན་ངན་ནམ་ཐོན་ཆ་མེད་རེད།།
གྲང་ངར་ཆེ་བའི་དགུན་དུས་ཉིན་མོ་ཞིག།
ཁ་བ་བུ་ཡུག་འཚུབས་ཤིང་རླུང་བུ་ལྡང་།།
ཁྱིམ་གྱི་རྟ་རྣམས་རྐུ་ལ་ཤོར་ནས་སོང་།།
མ་ཚད་ཨ་མ་ཁྱིམ་གྱི་རྟེན་ས་དེ།།
རྟ་ཇག་ར་མདར་ཕྱིན་པའི་ལམ་ཁ་ནས།།
རྟ་ཡིས་འཕངས་ཏེ་སྲོག་ལ་ཉེན་ཁ་བཟོས།།
འབྲོག་པའི་འཚོ་བ་དཀའ་ངལ་ཆེ་ན་ཡང་།།
སྔར་བཞིན་སྙིང་སྟོབས་ཆེན་པོས་རིམ་གྱིས་སྐྱོང་།།
ལོ་ན་དྲུག་ལ་སོན་པའི་ཕུར་སྐྱིད་ཀྱིས།།
སློབ་གྲྭར་འགྲིམས་པའི་ཆོད་སེམས་བརྟན་པོ་ཞིག།
ཁ་ནས་གླེང་ཞིང་སེམས་ནས་བོར་མ་མྱོང་།།
ལས་སྨོན་སྐལ་བ་བཟང་བོའི་བཀའ་དྲིན་གྱིས།།
བུ་མོའི་ཕུགས་བསམ་རེ་བཞིན་གྲུབ་ནའང་།།
ཚེ་ནི་མི་རྟག་ལ་ཁའི་ན་བུན་བཞིན།།
བུ་མོ་ཆུང་ཆུང་ཁྱིམ་ལ་ལོག་ཉིན་ཞིག།
ལམ་བར་འགྲིམ་འགྲུལ་དབང་གིས་རང་སྲོག་ཤོར།།
བསམ་ཞིང་བསམས་ན་ཚེ་སྲོག་ཉམ་རེ་ཆུང་།།
བསམ་ཞིང་བསམས་ན་མི་ཚེར་སྙིང་བོ་མེད།།
འོན་ཀྱང་སྡུག་དུས་མགོ་འཕང་མི་དམའ་ཞིང་།།
འཚོ་བའི་མྱ་ངམ་ཐང་ཆེན་བརྒྱུད་པ་ལ།།
འདེགས་འཇོག་གོམ་པ་སྐད་ཅིག་མི་ཆད་བསྔགས།།
རྩོམ་གསར། 10