་ཏྲེ་སྲས་བློ་བཟང་བསོད་ནམས། 2019-12-30
རོལ་མོ་དེ་ཡང་རྟོག་པའི་ནང་ནས་འཁྲུངས།།
ཀུན་རྟོག་དེ་ཡང་ཆུ་ཡི་ནང་དུ་བངས།།
གཟན་གྱི་སྣེ་མོ་ནང་སེམས་གཅིག་ཏུ་བསྡུས།།
སྒྱུ་རྩལ་ཐང་གི་འདང་བརྩེ་ཁྱེད་ལ་བྱིན།།
མཚན་ནམ་རིང་མོའི་གླུ་སྐད་སྐྱ་བོར་ཆགས།།
ལ་མོའི་སྒང་གི་སྐར་མ་སྨིན་དྲུག་འཐོར།།
ཞེ་རུ་ཐོགས་པའི་རིག་འཛིན་སྒྲོལ་མ་ཀྱེ།།
སྙིང་གི་དཀྱིལ་དུ་རྨ་ཤུལ་འབུ་ཞུགས་ལ།།
འཇམ་པོའི་ལག་སྟེ་བདག་ལ་གཡར་བར་གྱིས།།
ཀྱེ་མ་འདི་ནས་བརྡོལ་བའི་སྐྱེ་བ་ཞིག།
སྨག་རུམ་སྟུག་པོའི་སེམས་ཀྱི་ནམ་མཁའ་ལ།།
ཁྱེད་ཀྱི་གྲིབ་གཟུགས་ཕོག་པའི་ནང་སེམས་སུ།།
ཁྱེད་ཀྱིས་དེ་ལ་གདུང་བའི་མཛའ་གཞས་ཤིག།
ང་ཡི་འགྲམ་དུ་ཡང་ཡང་གྱེར་བར་ཤོག།
སྐྱོ་གཞས་དེ་ཡང་སེམས་ཀྱི་གསེབ་ཏུ་ལུས།།
སྙིང་གི་མཛའ་མོ་ཁྲུང་ཁྲུང་ཞིག་ལྟར་མཛེས།།
ང་ཡི་སེམས་སུ་ཁྱེད་རང་ལྷན་བརྒྱབ་སྟེ།།
ཞེ་འདང་འོ་མའི་མཚོ་རུ་གཅེས་པར་འོས།།
ལི་ཐང་བསྐོར་བའི་ཆོད་སེམས་མ་ལྷོད་པར།།
འཁོར་བའི་སྡུག་བསྔལ་སྟེང་དུ་གྲུ་གཟིགས་ཤིག།
སྙུ་གུ་རྩེ་རུ་གསོན་ཏེ་ཁྱེད་རང་བྲིས།།
ཀུན་རྟོག་ཕྲ་མོའི་ངལ་དུབ་སྐྱ་བོའི་མདོག།
ང་ཡི་ནང་སེམས་ལྐུགས་པའི་ལྷག་མ་ཡིན།།
ང་ཡི་བྲིས་པའི་ལྷ་སའི་བར་སྐོར་ནང་།།
ཁྱེད་ཀྱི་རྣམ་ཤེས་གསོན་པོ་མི་བཟོས་ཏེ།།
གར་དང་ཆང་རག་སྟེང་གི་ཡིག་འབྲུ་ལ།།
ཁྱེད་ཀྱིས་འདང་བའི་མི་དེ་བསུ་བཞིན་དུ།།
སེམས་ཀྱི་རི་མོ་ནང་ནས་མགུར་མ་གྱེར།།
རྩོམ་གསར། 10