འཕྱོངས་རྒྱས་ཟླ་བ་སྒྲོལ་མའི་རྟོགས་བརྗོད།

་ཏྲེ་སྲས་བློ་བཟང་བསོད་ནམས།        2019-12-30

ལྷོ་ཁའི་ཡུལ་གྱི་རྟོགས་བརྗོད་སྣ་འདུས་དེ།།

ཕར་ལ་གཟིགས་དང་གཡུ་ཐོག་ཟམ་པའི་སྟེང་།།

འཕྱོངས་རྒྱས་མི་ཞིག་བརྩེ་བའི་འཇིག་རྟེན་ཞིག།

གཡུ་ཐོག་ཟམ་པའི་མཁར་ནས་མི་གསལ་ཨང་།།

བཞིན་རས་དྭངས་མའི་སེམས་ཀྱི་འཆར་སྒོ་རུ།།

བརྩེ་བས་བཞེངས་བའི་གཡུ་ཐོག་ཟམ་པའི་སྟེང་།།

འཕྱོངས་རྒྱས་བུ་མོའི་སེམས་མཁར་བརྩེ་བ་འཐིམ།།

ལོ་དང་ཟླ་མཐུད་འགྲིམས་པའི་ཞག་མ་རུ།།

ཞེ་རུ་ཐོགས་པའི་མི་ཞིག་བསྒུག་ངེས་ལ།།

འཕྱོངས་རྒྱས་ཡུལ་གྱི་སྟག་ཤར་མིན་ན་གང་།།

སྐབས་རེར་ཞེ་རུ་འབབ་པའི་སྐྱོ་གཞས་ཤིག།

ཚངས་དབྱངས་ངག་གིས་བཏུས་པའི་མགུར་མ་དེ།།

ལྷ་སའི་གླིང་ཁྲོམ་བར་ནས་མཇལ་བར་སྤྲོ།།

ཤིན་ཏུ་འཁྱག་པའི་དགུན་ཟླའི་གྲོང་ཞིག་ལ།།

རྟ་བདུན་དབང་པོ་བར་སྣང་སྤྲིན་གྱིས་བསྒྲིབས།།

སེམས་ཀྱི་སྣང་བ་མཚན་ནམ་རིང་མོ་འདྲ།།

ཆང་དང་གླུ་གཞས་འཁྱུག་པའི་གཞས་ར་ནང་།།

ནས་ཆང་ཞིམ་མོའི་བྲོ་ཁ་བཅུད་འདུས་དེ།།

ཟླ་བ་སྒྲོལ་མའི་སྤྱན་གྱི་ཕར་ཕྱོགས་ནས།།

རབ་བཟི་མང་བའི་དཀྱིལ་ན་བདག་ཀྱང་ལུས།།

རྒྱལ་དབང་ལྔ་བའི་ཞེ་འདྲིས་དམར་པོ་དེ།།

འཕྱོངས་རྒྱས་བུ་མོའི་སེམས་སུ་འབབ་ཐུབ་ཨང་།།

ཁྱོད་ཀྱིས་བླངས་བའི་གདུང་བའི་ཉམས་དང་བཅས།།

གཡུ་ཐོག་ཟམ་པའི་ཐོག་ཏུ་བླངས་པར་འདྲ།།

འཕྱོངས་རྒྱས་རྒྱ་གྲོང་ཆེན་མོའི་བས་མཐའ་ནས།།

ནས་ཆང་བསིལ་མའི་རང་སེམས་གཡོ་ཐབས་བྱས།།

ཆང་གཞས་དང་ནི་སྣང་བ་དགུང་ནས་བཏེགས།།

ཟླ་སྒྲོལ་སེམས་དེ་གཞན་གྱིས་འཕྲོག་པར་འདྲ།།

སེམས་ཀྱི་ཉིན་སྲིབ་གཉིས་ཀའི་ཕར་ཕྱོགས་ན།།

ལྷུང་ལྷུང་ལྷུང་གིས་གཡུགས་པའི་བསིལ་རླུང་དེ།།

ལྷ་སའི་གྲོང་དུ་ཡོང་བའི་གཏམ་བཟང་ཞིག།

འཕྱོངས་རྒྱས་ཕྱོགས་ནས་ཡོང་བའི་སྨན་ཤར་ཞིག།

སྟོད་ཀྱི་ཕ་བོང་དཀར་པོའི་རི་རྩེ་ནས།།

དབྱངས་ཅན་ངག་ལས་བཏུས་པའི་བོད་གཞས་ཤིག།

སིལ་སིལ་རླུང་གིས་མ་འཁྱེར་བླངས་བཞིན་གདའ།།

རྟེན་འབྲེལ་རི་མོ་ཡང་ནས་འགྲིག་པ་འདི།།

འཕྱོངས་རྒྱས་བུ་མོ་ཁོང་ལ་རབ་ཏུ་གཅེས།།

ཀྱེ་མ་ལྷ་ལས་འཁྲུངས་བའི་དབྱངས་ཅན་མ།།

པོ་ཏ་ལ་རུ་བཞུགས་པའི་རྒྱལ་སྲས་ལ།།

བརྩེ་བའི་ཐིག་ལེ་མང་པོའི་འཕྲིན་པ་དེ།།

ད་ཐེངས་རྒྱལ་སྲས་ལག་ཏུ་འབྱོར་ཨེ་ཡོད།།

བརྩེ་བ་དང་དུ་བླངས་པའི་ཚུགས་ཀ་ཡང་།།

འཕྱོངས་རྒྱས་རྒྱ་གྲོང་ཁྲོམ་ནས་ཡོང་ངམ་ཅི།།

གཟུགས་ཀྱི་མཛེས་དཔལ་དེ་ཡང་དགུང་ནས་འཕྱུར།།

སེམས་ཀྱི་ལང་ཚོའི་འཆར་ཡན་རྒྱ་རུ་ཚུད།།

ལུས་ཀྱི་བ་སྤུ་གཡོ་པའི་བདག་ཉིད་མ།།

ཚེ་རབས་འདི་ཡི་རྣམ་ཤེས་འཕྲོག་ཐུབ་མེད།།

གཟུགས་ཀྱི་ཁོ་ལག་ཡངས་པའི་ཚེ་ཞིག་ལ།།

འཕྱོངས་རྒྱས་བུ་མོའི་ཕྱོགས་སུ་འཕྲིན་ཞིག་ཡོད།།

འཕྲིན་དེའི་ནང་དོན་དབེན་མེད་དེར་དུས་ཤེས།།

གཟུགས་ཀྱི་མཛངས་མ་ངེས་པའི་ཟླ་སྒྲོལ་མ།།

སྟག་ཤར་སྙིང་ཤ་འདར་བའི་ངང་ཚུལ་འདུག།

ག་ལེར་ཡོང་བའི་སྙན་པའི་དབྱངས་འདི་ནི།།

ཡུལ་འདི་འཕྱོངས་རྒྱས་ཕྱོགས་ནས་ཡོང་བར་འདྲ།།

དབྱངས་ཅན་ངག་རིས་གཉིས་སུ་མེད་པར་སྣང་།།

གང་ནས་བལྟས་ཀྱང་ཟླ་སྒྲོལ་ཡིན་ངེས་ཆེ།།

ཡིད་སེམས་མང་པོའི་ཁོང་གིས་འཕྲོག་མྱོང་ཡོད།།

རི་འདིའི་ཕ་གི་ཕྱོགས་ནས་བླངས་བར་འདྲ།།

གཡུ་ཐོག་ཟམ་པའི་ཐོག་གི་བརྩེ་གླུ་དང་།།

ཟླ་སྒྲོལ་སེམས་པ་བཀུག་པའི་མི་ཞིག་ལ།།

ཉམས་དང་བཅས་ཏེ་བརྩེ་གླུ་བླངས་པར་འདྲ།།

ལྷོ་ཁའི་མི་རྣམས་དད་སེམས་གཙང་མ་ཡོད།།

འཕྱོངས་རྒྱས་བུ་མོའི་མཛེས་དཔལ་རྒྱས་དྲགས་པས།།

ལྷོ་ཁའི་མི་ལ་གདེང་འཇོག་དེ་བས་ཐོབ།།

བྱིས་པའི་ངག་ལས་བཏུས་པའི་ཡིག་འབྲུ་འདི།།

འཕྱོངས་རྒྱས་མི་ཞིག་རབ་ཏུ་འདང་དྲགས་པས།།

དང་བའི་ཚིག་ལས་བཏུས་ཏེ་འདི་སྦྱར་རོ།།

  • ལེ་ཚན་སྔོན་མ།:སྟོན་མཇུག་གི་འདས་མ་ཞིག་ལ་བྲིས།
  • ལེ་ཚན་རྗེས་མ།:རྒྱལ་བ་ཚངས་དབྱངས་རྒྱ་མཚོ།