མིང་མ་རྙེད་པའི་སྙིང་གི་སྙན་ཚིག

ཁ་བ་རང་གྲོལ།        2019-12-20

ངས་རང་ཉིད་ལ་དབུགས་འབྱིན་རྔུབ་གཏོང་སའི་སྒེའུ་ཁུང་ཞིག་བཟོས།

དེ་ལས་མཛེས་སྡུག་རྣམ་པར་བཀྲ་བའི་ཁྱོད་ཀྱི་རྒྱབ་གཟུགས་ལ་ཅེར་ཏེ།

དུས་ཚོད་གང་མང་ཞིག་ག་ཤེད་ཅིག་ཏུ་འཛག་ཅིང་།

འཆི་བའི་གཉོམ་སྐད་སྟེང་དུ་འཁོར་ཡོང་ནའང་།

ཉམ་ཆུང་བའི་རང་ཉིད་ལ་ཡིད་གཅོང་བྲལ།


ངས་ལོ་ཟླ་མགྱོགས་སོང་ཟེར་བཞིན།

གཏན་ནས་སྡིགས་དམོད་མི་བྱེད།

ཉམ་ཆུང་བའི་རང་ཉིད་དེ་རིང་ཤི་སོང་ནའང་།


ངས་ཞེ་བསམ་པའི་གཏིང་ནས་རང་ཉིད་ལ་ཁ་བརྡ་བྱས།

བློ་འགྱོད་མེད་པའི་རྟོད་ཕུར་ཞིག་སྙིང་ལ་བརྡབས།

ངས་རང་ཉིད་མེ་ལོང་ཞིག་གི་ནང་དུ་བཤམས།

སྐད་ཅིག་མར་སྡོད་པའི་རི་དྭགས་ཕོ་མོ་དག་གི་མདུན་སར་ཕུད།

འཁྱགས་རེངས་སུ་གྱུར་བའི་མི་ཡུལ་འདི་ནས།

ད་ལྟ་གཏན་བྲལ་བྱས་སོང་ནའང་།

ཉམ་ཆུང་བའི་རང་ཉིད་ལ་མིག་ཆུ་མེད།

སེམས་པ་འཚུབ་ཆ་ལངས་བྱེད་ཀྱི་བྱ་དངོས་དག་དང་ཨེན་

ཙམ་བཀྱེད་རྗེས།

ང་ཡི་སེམས་ལ་གངས་རི་དང་གཙང་བོ་བབས།

དེ་དག་ལ་ཚིག་དང་ཐ་སྙད་སྤྱད་ནས།

ང་རང་གི་སྐེ་དང་འདོམས་ལ་བཏགས་ཏེ།

ཉམ་ཆུང་བའི་རང་ཉིད་མཚོན་པར་བྱས།

  • ལེ་ཚན་སྔོན་མ།:ང་ཡི་ཕོ་བྲང་།
  • ལེ་ཚན་རྗེས་མ།:ཀ་ཁའི་མཆོད་དབྱངས།