ཀ་ཁའི་མཆོད་དབྱངས།

ཤེལ་དཀར་པོ།        2019-12-23


ཀ་དག་དབྱིངས་ཀྱི་འཇའ་གུར་མཛེས་པའི་ལྡིང་ཁང་ན།།

ཀ་ལ་པིང་ཀའི་མགྲིན་དབྱངས་སྙན་མོ་ཟིལ་གནོན་པའི།།

ཀ་དག་གདངས་སྙན་རྒྱུད་མངས་ཐོགས་པའི་མཚོ་བྱུང་མས།།

ཀ་མེད་སེམས་ཀྱི་ཀྱོ་བ་བཀུགས་པས་ཕྱག་འཚལ་ལོ།།


ཁ་བ་འབྲོག་པའི་འཚོ་བ་སྐྱིད་པོ་བདེ་དགའ་ཅན།།

ཁ་རྗེ་དབང་ཐང་ཡར་ངོའི་ཚེས་བཅུའི་དུང་ཟླ་འཕེལ།།

ཁ་བའི་ལྗོངས་ཀྱི་སྣོད་བཅུད་མཛེས་པའི་རེ་ཁཱ་དེ།།

ཁ་བ་འདྲ་བའི་ཤོག་དཀར་ལེབ་མོའི་རྒྱན་དུ་འགོད།།


ག་སར་མེད་པའི་གངས་རིས་བསྐོར་བའི་དག་ཞིང་གི།

ག་ཐག་བསླད་མེད་སྔོ་བསངས་བུ་མོའི་རང་མདངས་ལ།།

ག་ལེར་བསྐྱོམས་པའི་སྤྲིན་པ་དཀར་བོའི་ལྷན་པ་མེད།།

ག་དུས་བལྟས་ཀྱང་གཡའ་དག་མངའ་བས་ཀྱེ་མ་ཧོ།།

ང་རྒྱལ་མགོ་བོ་མཁའ་ལ་ཟུག་ནས་རྟག་བརྟན་འགྱིང་།།

ང་ཆེ་ང་བཙན་དོན་ལ་གནས་བའི་དཔའ་ཡོན་ཅན།།

ང་ར་བཙན་པོའི་གངས་རི་དཀར་བོའི་སོ་ཕྲེང་དེ།།

ང་ཡི་གོ་ལའི་གཙུག་ཏོར་མཛེས་པའི་ཅོན་པན་ཉིད།།

ཅ་རེ་ཉ་རེས་ལྡིང་ལ་རྩེན་པའི་ཕྱེ་ལེབ་དང་།།

ཅ་ཅོ་རང་སྒྲོག་གཡུ་སྦྲང་གཞོན་ནུའི་གར་གྱི་སྟེགས།།

ཅ་རེར་མེ་ཏོག་ཕྲ་རྒྱན་བཏབ་པའི་ནེའུ་གསིང་ཁྱོན།།

ཅ་གེར་གནས་པའི་འཆི་མེད་ལམ་དང་གཉིས་སུ་མེད།།

ཆ༵་ཡོད་གངས་ལས་བརྡོལ་བའི་ཡན་ལག་བརྒྱད་ལྡན་ཆུ།།

ཆ༵་མེད་བཞུད་པའི་གཞན་ཕན་མངའ་བའི་དཀའ་ཐུབ་པ།།

ཆ༵་ཆོར་རྒྱུ་ཡང་སེམས་ཅན་སྐྱེ་དངོས་མ་ལུས་ལ།།

ཆ་ཚང་སྐོམ་གྱི་གདུང་བ་འཇོམས་པའི་བདུད་རྩི་མཆོག།

ཇ་དང་འོ་མ་དབྱར་གྱི་ཆུ་གཏེར་རྒྱས་ལ་འཁྲུལ།།

ཇ་ཐུད་མར་གསུམ་རི་བོ་ཞིག་གི་གཏོས་དང་མཉམ།།

ཇ་སོགས་ཟས་ཀྱི་འཕེལ་ཁ་སྐྱེན་པའི་རྟེན་འབྲེལ་ལ།།

ཇ་ཕུད་མཆོད་ཀྱི་བཀྲ་ཤིས་བརྟན་པའི་སྨོན་ལམ་སྤུར།།

ཉ་རྒྱས་ཟླ་བཞིན་ནོར་འཛིན་གོར་མའི་གདན་ཡངས་ན།།

ཉ་ར་མིན་པར་ལག་ཟུང་རྩལ་གྱིས་ལེགས་བཏབ་པའི།།

ཉ་ཞའི་མེས་པོས་བསྐྱངས་བའི་སྦྲ་ཁྱིམ་སྨུག་པོ་དེ།།

ཉ་ཉུང་བག་ཡངས་ངང་ནས་འགྱིང་བ་ཡི་གར་འོང་།།

ཏ་ག་རཾ་ཡི་དྲི་བསུང་ཕྱོགས་བཅུར་མཆེད་པ་ཡིས།།

ཏ་ཛིན་འགྲོ་བའི་དྲི་འཛིན་མ་ལུས་བཟི་བྱས་བས།།

ཏ་ཐཱ་ག་ཏའི་བསྟན་པའི་ཞིང་ཞེས་མིང་མཚུངས་བའི།།

ཏ་མ་བཱན་གྱི་གནས་མཆོག་ཨེ་མ་རྨད་དུ་བྱུང་།།

ཐ་གིར་སྦྲང་ཆར་སིལ་མས་ཁྲུས་བཟང་བགྱིས་བ་ཡི།།

ཐ་མདོག་རྡུལ་ཀུན་བྲལ་བའི་རི་ལུང་མཛེས་པོ་ལ།།

ཐ་བྲལ་མདངས་ལྡན་དབང་གཞུའི་རི་མོ་རབ་དཔྱངས་པས།།

ཐ་མའི་དུས་ཀྱི་མིག་དབང་འཛུམ་པའི་སུམ་རྩེན་གནས།།

ད་གོང་རང་བྱུང་འབྱུང་བཞིས་ལེགས་པར་བཏབ་པ་ཡི།།

ད་བར་ཚང་ཚིང་གཡུ་ལོ་ཐགས་སུ་བཀྲ་བ་འདི།།

ད་ལྟའི་རྫས་ཀྱི་ལྗོན་པས་འགྲན་པར་མ་ནུས་པའི།།

ད་ཆའི་འཇིག་རྟེན་བརྒྱན་པའི་སྒེག་ཆོས་གཅིག་པུ་ཉིད།།

ན་ཀྲའི་གྲོང་ཁྱེར་སྔོན་པོའི་མདངས་འཛིན་མཁའ་འོག་གི།

ན་བུན་ཀཻ་ལ་ཤ་རྩེར་བག་ཡངས་འཁྱུད་པ་ཡི།།

ན་རམ་རྫུབས་པོར་འཁྲུགས་པའི་བསིལ་ལྡན་གོ་ལའི་ཏོག།

ན་ཚོད་བགྲང་བྱ་སྟོང་གི་ཞིང་ཁམས་ཡ་མེད་དོ།།


པ་སངས་མདངས་ལ་འཁུ་བའི་ལྷག་བསམ་མངའ་བ་དེ།།

པ་ཕ་ཨ་མ་བྲག་སྤྲེལ་གཉིས་ཀྱི་རིགས་འཕེལ་བའི།།

པ་ཅར་རྣམ་པར་མཛེས་བའི་འབྲོག་པའི་སྐྱེ་བོ་ཚོ།།

པ་རི་ཧཱ་སས་འཚོ་བ་རོལ་བ་བླ་ན་འཕགས།།

ཕ་བཟང་སྟག་ཤར་གཞོན་ནུས་དགའ་འབོད་འཐེན་དང་ལྷན།།

ཕ་རྟ་བཟང་བོའི་བང་རྩལ་རླུང་ལ་བསྡེབས་ནས་ནི།།

ཕ་ནོར་ཕྱུགས་ཀུན་འཚོ་བའི་ནོར་འཛིན་ཡངས་པོ་རུ།།

ཕ་གིའི་མི་ཚོགས་དགྱེས་པ་ཆེན་མོའི་ལྟད་མོར་བསྒྱུར།།

བ་ཕྱུགས་ནོར་གྱི་མི་ལྟུང་ཕྲེང་བའི་དགའ་ཚལ་དེ།།

བ་མཛོ་གཡག་གི་རྩིད་ལས་འཁྲུངས་བའི་སྦྲ་མཐར་བཀྲམ།།

བ་ལས་བྱུང་བའི་འོ་མ་རྒྱ་མཚོ་རབ་བྲུག་པས།།

བ་འཇོ་མཁན་གྱི་འཛུམ་མདངས་པདྨའི་འདབ་བརྒྱ་གྲོལ།།

མ་ཀུ་ར་འདྲའི་ལྷ་ལམ་ཡངས་བོའི་ཕང་བ་རུ།།

མ་བྲེལ་བག་ཡངས་རྩེན་པའི་སྤྲིན་གྱི་ཚོམ་བུ་བཞིན།།

མ་མིག་སྤང་ལྗོངས་སྔོན་མོའི་གདན་ཡངས་བཀྲ་བ་རུ།།

མ་མོ་གཡང་དཀར་ལུག་གི་ཁྱུ་ཚོགས་བག་ཡངས་འཁྱིལ།།

ཙ་རི་གནས་མཆོག་འདྲ་བའི་རྫ་སྟོད་གོང་མ་ནས།།

ཙ་གོ་ར་ཡི་མགྲིན་དབྱངས་སྙན་མོ་རབ་འཐོར་བས།།

ཙ་ཏ་ཀ་སོགས་འདབ་ཆགས་ཚོགས་ཀྱིས་རྩེད་འཇོའི་ངང་།།

ཙ་གེ་ཙིག་གེའི་ལྗོན་ཤིང་སྤོ་ན་སྤྲོ་བས་བཟི།།

ཚ་གྲང་སྙོམས་ལ་དུས་བཞིའི་རེས་མོས་མངོན་པར་གསལ།།

ཚ་ཟེར་ཅན་གྱི་གཟི་འོད་ངར་མོ་མཆེད་ཀྱང་རུང་།།

ཚ་ཟེར་འཇོམས་ཀྱི་ཡོལ་བ་སྲབ་མོས་ལྷོད་བཏེགས་དུས།།

ཚ་ཁུལ་ཕེབས་པའི་ཁྲུང་ཁྲུང་ཁྱུ་ཡི་ལྡིང་སྐོར་མཛེས།།

ཛ་ཡའི་བསྟན་པ་ལེགས་པར་སྐྱོང་མཁས་བསྟན་འཛིན་ཀུན།།

ཛ་དྲག་མ་གོས་ཕར་ཕྱིན་དྲུག་གིས་ཞི་བར་བཏུལ།།

ཛ་ཡའི་གསུང་རབ་བརྩེགས་པའི་གསེར་གྱི་འདུ་ཁང་དེ།།

ཛ་རེ་མེད་པའི་དབེན་རིའི་རྐེད་ན་གསལ་ལེམ་བཀྲ།

ཝ་ཞྭ་གྱོན་པའི་ལོ་རྒྱུས་བྱུང་གནས་བྱང་རྒྱུད་དེར།།

ཝ་ལུང་ཡུལ་འདྲའི་རྫ་རི་ཆེན་པོའི་རྩེ་མོ་རུ།།

ཝ་ལྟར་འཁྱུག་པའི་འདབ་ཆགས་ཚོགས་ཀྱི་རྩེད་འཇོ་མཛེས།།

ཝ་ལེར་སྣང་བའི་མཛེས་པ་སྟོང་གི་འདབ་ཆགས་གླིང་།།

ཞྭ་མོ་རྩེ་རྣོ་ཕྱིང་ཞྭ་གྱོན་པའི་ཆར་བཞའ་དང་།།

ཞྭ་མོ་ཚེ་རིང་རྒྱན་ལ་སྤྲས་བའི་སྤྲོ་སྣང་སོགས།།

ཞྭ་མོ་མི་གཅིག་དུས་བཞི་འབྱེད་པའི་འབྲོག་པའི་ཐང་།།

ཞ་ཞི་མང་པོ་རྩེད་ལ་གཡེང་བའི་རྩེ་ར་གླིང་།།

ཟ་མ་དཀར་གསུམ་བཅུད་ཀྱིས་ལུས་ཟུངས་བསྐྱེད་པ་ལས།།

ཟ་བས་མངར་གསུམ་བྲོ་བ་ལྷན་སྐྱེས་མངའ་བ་ཡི།།

ཟ་མ་མཆོག་གྱུར་འབྲོག་པའི་ཕ་སའི་སེམས་ཅན་ཀུན།།

ཟ་མའི་དྲི་བསུང་ཕྱོགས་བཅུར་འཕྲོས་པས་ལྟོ་བ་འགྲངས།།

འ་ལེ་འོལ་ལེའི་སེམས་ཀྱི་སྤྲོ་བསང་བྱེད་སའི་མཆོག།

འ་འུར་སྟོངས་ལ་བག་ཡངས་རྣམ་པར་འཕེལ་བ་ཡི།།

འ་ཚེ་འལ་ལ་དུས་བཞི་བརྗེས་བའི་ཁྱད་མཚར་སའི།།

འ་འུར་ཞི་ལ་ཞི་བའི་བཀྲ་ཤིས་སྨོན་ལམ་བརྟན།།

ཡ་ཐོག་མེས་པོ་གོང་མའི་སེམས་ཀྱིས་གཉར་བ་ཡི།།

ཡ་གི་འབྲོག་པའི་སྣོད་ཀྱི་བཀོད་པ་རྣམ་པར་མཛེས།།

ཡ་རབས་དེང་གི་རྒྱུད་འཛིན་དམ་པས་ལེགས་པར་གཅེས།།

ཡ་མེད་སྤོབས་པས་ལྷོད་ཡངས་མ་བྱེད་སྐྱོངས་བར་གྱིས།།


ར་བ་གངས་རིའི་མུ་ཁྱུད་མཛེས་པའི་བསིལ་ལྗོངས་ཀྱི།།

ར་བ་གངས་རིའི་དབུ་འཕང་སྔོན་པོའི་མཁའ་ལ་འཕེལ།།

ར་བ་གངས་རིའི་གཟི་འོད་དཀར་བོ་ཕྱོགས་བཅུར་ཁྱབ།།

ར་བ་གངས་རིའི་སྣོད་བཅུད་རྒྱས་བའི་སྨོན་ལམ་སྤུར།།

ལ་ཐུར་ནགས་ལ་འདབ་ཆགས་འཁོར་བས་སྙན་པ་སྒྲོག།

ལ་ལུང་འདི་ཡི་ནང་བཅུད་སེམས་ཅན་སྤྲོ་གྱུར་ཅིག།

ལ་ལུང་འདི་ཡི་ཕྱི་སྣོད་འཇིག་རྟེན་མཛེས་གྱུར་ཅིག།།

ལ་ལུང་འབྲོག་ཐང་ཕྱུགས་ཀྱིས་ཕྱུར་བར་གཏམས་པར་སྨོན།།

ཤ་ཁྲག་གདོས་བཅས་ལུས་ཀྱི་ལྟེ་ཁྲག་གཅིག་ཐིགས་པའི།།

ཤ་རུས་གདོང་རྒྱུད་གཅིག་ལས་མཆེད་པའི་ལས་མཐུན་ཅན།།

ཤ་གཟན་སྨུག་པོ་སུམ་གཉིས་བཟུང་བའི་སྲིན་པོ་ཅན།།

ཤ་རུས་གཅིག་པུ་འཚོ་སའི་ཡུལ་དུ་འཕེལ་གྱུར་ཅིག།

ས་བཟང་གོ་ལའི་གཙུག་ཏོར་གངས་རིའི་མུ་ཁྱུད་ཅན།།

ས་ཆེན་སྐྱེ་དགུ་ཀུན་གྱིས་ཡིད་དབང་འཛིན་པ་ཡི།།

ས་ཡི་གོ་ལ་རབ་ཏུ་འཕགས་པའི་བོད་ཡུལ་འདིའི།།

ས་བཟང་དགེ་བཅུའི་མཚན་མ་རྟག་ཏུ་འབར་གྱུར་ཅིག།


ཧ་ཅང་སྤྲོ་སྣང་སྦྱིན་པའི་འབྲོག་པའི་ཐང་ཆེན་ནས།།

ཧ་ལམ་མིག་གིས་ཟིན་པའི་མཛེས་པ་མ་ལུས་པ།།

ཧ་ཧ་ཧོ་ཧོའི་འདུ་འཛི་རྒོད་པའི་བར་གླགས་ནས།།

ཧ་རེ་ཧུ་རེས་ཀ་ཁ་ཕྲེང་བའི་བསྟར་ལ་བརྒྱུས།།

ཨ་སོགས་སུམ་ཅུ་ཐམ་པའི་བསྟོད་པའི་སྒྲ་དབྱངས་ལ།།

ཨ་ལ་ལ་མོ་གཉིས་མེད་གདངས་ཉམས་མེད་མོད་ཀྱང་།།

ཨ་ཧ་ཉ་ཉོག་འཛེར་སྒྲའི་དྲི་མས་བསླད་འདྲེས་ན།།

ཨ་རོགས་ཀློག་པོའི་རྣམ་དཔྱོད་ཆར་གྱིས་བྱབས་ཁྲུས་མཛོད།།

  • ལེ་ཚན་སྔོན་མ།:མིང་མ་རྙེད་པའི་སྙིང་གི་སྙན་ཚིག
  • ལེ་ཚན་རྗེས་མ།:​ཟོལ་མེད་སྙིང་ན་འཛུམ་པའི་རི་མོ།