ང་ཡི་ཕོ་བྲང་།

ཁ་གྱའི་ཁྱུང་སྔོན།        2019-12-20

ཉི་མའི་ཐུགས་ཀར་འཁྱིལ་བའི་གསེར་གཡུའི་མཚོ་མོ།

གངས་རིའི་གཤོག་པས་བསྐྱོར་བའི་སྲོག་གི་ཀ་བ།

ཟླ་བའི་སྤྱན་ཆབ་ཀྱི་ཐིགས་པས་བཀྲུས་ཏེ།

མཐོན་པོའི་སྒང་ལ་རྒྱལ་མཚན་བཞིན་བཙུགས།

སྐར་མའི་མིག་ཟུང་གིས་ཁྱེད་ཀྱི་ཕྱི་ནང་འཚོས་ཤིང་།

ལོ་ངོ་སྟོང་ཕྲག་ནས་བརྒྱུད་པའི་རིགས་རུས་ཀྱི་

ལྕགས་ཐག་སྲ་མོ།

བཙན་པོའི་མི་རབས་ཀྱི་མིང་བྱང་མ་བོར་བར་

གནམ་སྔོན་མོའི་འོག་ན།

རྡོ་རིང་བཞིན་བསླངས་ཤིང་འགྱུར་མེད་ངང་

བརྟན་བརླིང་གིས་འགྱིང་།

ང་ཡི་རེ་སྨོན་དང་ཡིད་ཆེས་རྒུམ་པའི་ཕ་རུས་དཀར་པོ།

ས་ཆེན་པོའི་གཙུག་ཏོར། ང་ཡི་ཕོ་བྲང་།


སྟོན་རླུང་འཇམ་པོས་སྒུལ་བའི་དྲིལ་གཡེར་གྱི་

དབྱངས་རྟར་འཁྱིལ་བའི་ཨོཾ་ཡིག་སེར་པོ།

དམག་རྟ་ཁྲི་སྟོང་གི་རྨིག་རྩེས་འཐག་མ་ཐུབ།

ས་ནག་པོའི་གློ་སྙིང་སློག་དུས་གྲངས་མེད་རྡུལ་གྱིས་

མ་ཐུམ།

ཆར་སེར་བ་དྲག་ཏུ་འབབ་དུས་གཞོམ་གཞིག་ཐོག་

གིས་མ་གཏོར།

མཚོན་རྣོ་ངར་གྱི་དུག་ཁས་ཐར་ཏེ་དགྲ་ངོ་དམར་

མའི་སོ་དབར་ནས་ཤོར།

དྲག་རླུང་དང་བུ་ཡུག་གི་རྡུལ་འཚུབ་ཁྲོད་གསེར་

སེར་པོའི་རང་མདངས་ཟེར་གྱིས་མངོན།

སྲུང་མ་དམར་ནག་ཟུང་གིས་ཆོས་སྲིད་ཀྱི་རུ་

དར་མཁའ་རུ་འདེགས་པའི་སྙིང་སྟོབས་ཀྱི་རུས་པ།

བྲག་བཞིན་སྲ་ལ་མཚོ་ལྟར་དྭངས་པའི་གཙང་

གཤིས་དེས།

ང་ཡི་འཚོ་གནས་དང་ཁོར་ཡུག ངའི་ལོ་རྒྱུས་

དང་ཕུགས་འདུན་དྲོད་དུ་རུམ།

གངས་རིའི་ཕྲག་ཞེང་གི་ཉི་མ་དམར་པོ། 

ང་ཡི་ཕོ་བྲང་།


རི་ཆུ་སྟོང་གིས་ཆོད་ཀྱང་ལེ་དབར་ཁྲི་སྟོང་གི་བར་

ཐག་གིས་མི་བསྐལ།

བསྒྱུར་མི་ཐུབ་པའི་ཕུགས་བསམ་དེའི་ཁ་དོག་ནི་

ནམ་ཡང་མར་མེ་ཚེ་འབར་ཇི་བཞིན།

ཟད་འཛད་ཀྱི་དུས་ཚིགས་ཤིག་ཡོད་པ་མིན་པས་

རེ་བའི་གཏིང་རུམ་ལ་སིམ།

དབྱངས་གསལ་གྱི་འོད་སྣང་གསལ་བའི་ཕོ་བྲང་གི་

ཕྱི་ནང་།

མི་བུ་གདུང་དྲུག་གི་དཔུང་རྡང་མཉམ་དུ་བསྒྲིག་ས།

ཤ་དང་ཁྲག་གི་དྲོད་རླངས་ལྷན་དུ་ལྡིང་ས།

ང་ཡི་རང་ཁྱིམ། ང་ཡི་ཕོ་བྲང་།

  • ལེ་ཚན་སྔོན་མ།:རྩོམ་རྒོད་གཤོག་ཐོགས་མ། ༼ཞར་བཀོད་གསུམ།༽
  • ལེ་ཚན་རྗེས་མ།:མིང་མ་རྙེད་པའི་སྙིང་གི་སྙན་ཚིག