སེམས་ཚོར་དྲོན་མོ།

སྙན་རྟོགས་སད།        2019-12-11

སྨུག་སྤྲིན་གྱོན་པའི་ཟླ་བ་དེ་ཡང་།།

སྒེའུ་ཁུང་ངོས་ནས་ག་ལེར་བཞུད་དུས།།

བསྐལ་བ་སྟོང་གི་ལན་ཆགས་ཤིག་ལ།།

གཙང་བོའི་རབ་ནས་དུས་ཆད་བྱས་ཡོད།།


རྒྱུ་མཚན་མེད་ལ་སྟ་གོན་མེད་པར།།

ད་ལོའི་དགུན་ཁའི་གུང་གསེང་ཞིག་ལ།།

མཉམ་དུ་རོལ་ནས་སེམས་ཚོར་ཐར་ཐོར།།

དམིགས་མདུན་འཆད་ཀྱིན་སྙན་ངག་འབྲི་སྟངས།།


བར་ཐག་ཅིག་ལ་འཁོན་རེས་བྱེད་ཀྱིན།།

མིག་ཟུང་བཙུམས་ནས་ཡིད་དུ་སྒོམ་པ།།

མེ་ལོང་ངོས་ཀྱི་གཟུགས་བརྙན་དེ་ལ།།

གཞན་ལས་ལྷག་པའི་བརྩེ་བ་སྤྲད་སྟངས།།


ཐོག་མར་འཕྲད་སའི་མཛེས་ལྗོངས་དེ་ནས།།

ལག་པ་བསྲིངས་ནས་འཇུ་བར་འདོད་པ།།

རྨི་ལམ་ནང་གི་ཚོད་ཚོད་ཡིན་རུང་།།

སེམས་ཀྱི་མཛའ་བ་ཁྱོད་ཀྱི་གྲིབ་མ།།


དུས་ཚོད་འགྲོ་བའི་ཐག་སྒྲ་དེ་ཡང་།།

རྒྱུན་ལྡན་མིན་པའི་ཚོར་སྣང་ཟབ་པ།།

ཁྱོད་དང་བསྐལ་བའི་རྒྱང་རིང་དེ་ན།།

དོ་ནུབ་ཁོ་བོ་ཁེར་རྐྱང་ཡིན་ཚུལ།།


ཁྱོད་ཀྱི་སྐྲ་ནས་སེན་རྩེའི་བར་གྱི།།

མཛེས་ཆ་དེ་དག་ཡིད་དུ་འཚུབ་དུས།།

ཤི་གསོན་སྟོང་གི་རྣམ་ཤེས་འཁྲི་སའི།།

པོ་ཏ་ལ་ཡང་བརྗོད་བྱ་མི་འོས།།


འབྲི་རྒྱུ་མིན་པར་མྱོང་རྒྱུ་ཡིན་པས།།

ཐ་སྙད་འདི་ཚོས་ཕྱེད་ཀ་མི་མཚོན།།

དབུགས་དང་འགྲོགས་ཤིང་སྙིང་དང་སྡེབ་པའི།།

རྒྱང་གི་འོད་དེ་གཞན་དང་མི་འདྲ།།


  • ལེ་ཚན་སྔོན་མ།:རྨི་ལམ་བསྒུལ་བ།
  • ལེ་ཚན་རྗེས་མ།:གུང་ཐང་མི་ལ་རས་པ།