གུང་ཐང་མི་ལ་རས་པ།

རོལ་སྐུད།        2019-12-11

        ༡

རབ་བྱུང་དང་པོའི་སྟག་གི་ལོ་ལ་མང་ཡུལ་གུང་ཐང་སྐྱ་རྔའི་ཡུལ།།

ཡབ་མིང་མི་ལ་ཤེས་རབ་རྒྱལ་མཚན་ཐུགས་ཀྱི་བྲག་རི་ལ་བབས་པ།།

ཡུམ་ཆེན་མཁའ་འགྲོ་མྱང་ཚ་དཀར་རྒྱན་པདྨའི་འདབ་རོལ་ལ་སྦྲུམ་པའི།།

ཆོས་ཀུན་ནམ་མཁའི་མཐའ་རྒྱ་གཅོད་པའི་བྱ་རྒྱལ་རྒོད་པོ་ཐོས་པ་དགའ།།

             ༢

སྐུ་ན་ཆུང་དུས་ཡབ་ཆེན་འདས་ཏེ་དཀའ་སྡུག་འཁོར་བའི་རྔུལ་ཆུས་བརླན།།

གཉེན་ཉེའི་དགྲ་ལྟར་གཅིག་པུར་བསྐྱུར་ལ་བསགས་པའི་རྒྱུ་ནོར་ཧམ་གྱིས་འཕྲོག།

ཞེ་སྡང་འཁྲུགས་པའི་ཡུམ་ཆེན་མྱང་ཚའི་ཚེ་སྲོག་སྐྱིན་དགོས་བཀས་བཀོད་བཞིན།།

ངན་སྔགས་མཐུ་ཡིས་སྡེ་ལུང་བརླགས་པའི་མཐུ་ཆེན་དཔའ་བོ་ཐོས་པ་དགའ།།

             ༣

སྡིག་ལ་འཇིགས་ཏེ་ངེས་འབྱུང་སྡེར་མོ་འཁོར་བའི་ཆོས་ལ་འབྲད་པ་ཡི།།

འགྱོད་པའི་གདུང་སྟེ་ཉིན་མཚན་རིས་མེད་མཚན་ལྡན་བླ་མ་མཇལ་ལ་རེ།།

བགྲང་བྱ་རྟ་ལོར་ལྷོ་བྲག་ཡུལ་ནས་རྣལ་འབྱོར་མར་པ་ལོ་ཙཱ་གང་།།

བླ་མར་བསྟེན་ཏེ་ཆོས་ཕྱིར་དཀའ་སྤྱད་སྙིང་རུས་ཅན་གྱི་ཐོས་པ་དགའ།།

              ༤

དགུང་གྲངས་ཞེ་ལྔ་ཤིང་བྱི་ལོ་ལ་སྟོད་ཕྱོགས་སྐྱིད་གྲོང་གཉའ་ནང་སོགས།།

དབེན་རི་ཡིད་དགའ་རི་དྭགས་འདུ་ཞིང་རང་བྱུང་ལྟ་སྟུག་ངོ་མཚར་གནས།།

སྨུག་སྤྲིན་ཡོལ་བ་འཐེན་པའི་གདན་གནས་བྲག་དཀར་དབུ་མའི་ཡང་རྫོང་ནས།།

ལྟོ་སྐྱ་གོས་ཧྲུལ་འཚོ་བའི་ཆོག་པའི་དཀའ་ཐུབ་རྒན་པོ་ཐོས་པ་དགའ།།

              ༥

དབུ་མའི་ཡང་རྫོང་ཡེ་ཤེས་མངོན་གྱུར་དགའ་བཞི་བདེ་བའི་དྲོད་ཐོབ་ཅིང་།།

རྟོག་པའི་རྟ་རྒོད་དྲན་ཤེས་ཀྱིས་བཏུལ་ལས་བཞིའི་མཁའ་འགྲོ་གྲོགས་སུ་འགུགས།།

སེམས་ཀྱི་སྣོད་ལ་དག་པ་དབྱིངས་ཀྱི་དཀྱིལ་འཁོར་འབྲི་བའི་ཕ་ཆོས་ལ།།

ཁྲེགས་ཆོད་ཐོད་རྒལ་ལྟ་བའི་གནད་སྨིན་རིག་པ་རང་གྲོལ་ཐོས་པ་དགའ།།

              ༦

ཕྱག་ཆེན་བདུད་རྩི་ཐུགས་སུ་འཁྱིལ་བའི་རི་སུལ་གྲོང་གི་ཏིང་འཛིན་པ།།

ཁ་བ་ལེབ་མོ་བྱ་ཁྱུ་བཞིན་དུ་གཅེར་རྗེན་སྐུ་ལུས་བརླན་གྱུར་ཀྱང་།།

ཕ་རྒན་བླ་མའི་གདམས་པའི་ཆུ་མཚོ་གཏུམ་མོ་འབར་འཛགས་ལ་གཞོལ་ནས།།

བདུད་གྱི་ཚོགས་ཀུན་དུག་མདའ་སྙིལ་བའི་ཉམས་མགུར་འགུག་པའི་ཐོས་པ་དགའ།།

            ༧

བསྒྲུབ་བརྒྱུད་བསྟན་པའི་མན་ངག་ཟབ་མོ་རུས་ཆུང་ལ་སོགས་སློབ་ཚོགས་ལ།།

སྤྲོས་མཚན་བྲལ་བའི་གཞི་དབྱིངས་རང་གྲོལ་དག་མཉམ་དབྱེར་མེད་ཆོས་སོ་ཅོག།

མ་བཅོས་རང་བྱུང་ལྷུན་གྲུབ་ཡིན་པར་བརྡ་བརྒྱུད་ཆོས་སྒྲའི་བརྡ་སྟོན་པའི།།

ཐུགས་ཀྱི་ཕ་ཕོག་བུ་ལ་བསྩལ་བའི་སྒོམ་ཆེན་རྣལ་འབྱོར་ཐོས་པ་དགའ།།

            ༨

དགུང་གྲངས་གྱ་བཞི་ཆུ་ཡོས་ལོ་ལ་རྟོག་གེ་རྒན་པོ་རྩག་ཕུ་པས།།

དུག་ཆང་དྲང་བ་མངོན་གསུམ་བཞེས་ཀྱང་སྙིང་རྗེའི་སྐུ་ལ་བཀྲག་མདངས་རྒྱས།།

ཕྱི་ནས་དཀའ་ཐུབ་སྐུ་རུད་གསེང་ན་སྟོང་ཉིད་གསང་བ་རྗེན་པར་ཤར།།

འཇའ་ལུས་ཐེམ་སྐས་འོད་ལ་ཞུགས་ཏེ་མཁའ་སྤྱོད་མཁའ་འགྲོའི་ཚལ་ལ་གཤེགས།།


  • ལེ་ཚན་སྔོན་མ།:སེམས་ཚོར་དྲོན་མོ།
  • ལེ་ཚན་རྗེས་མ།:བསྟོད་ཚིག་འབྲོག་གླུའི་རང་སྒྲ།