རྨི་ལམ་ནང་གི་རྟ་ཕོ།

ཀརྨ་བསྟན་འཛིན།        2019-09-25

འཇའ་གུར་ནང་གི་འོད་ཀྱི་དཀར་དམར་སྟེང་།།

ངང་པ་ཕོ་མོ་འཇའ་སྐས་འཛེགས་ནས་འགྲོ།།

སྤྲིན་པའི་གཏིང་གི་རྟ་ཁྱུ་འཚོ་རུ་ཕྱིན།།

ཉི་འོད་མེད་ཀྱང་མུན་པའང་མེད་པ་ཡིས།།

འཇིག་རྟེན་ལྟར་དུ་ཚུལ་འཆོས་མི་དགོས་ཤིང་།།

གཉིད་དུ་ཤོར་རུང་སྨུག་པ་དག་གིས་ནི།།

རི་སྐེད་གན་ནས་འཕྲེད་ལ་འཕྲེད་མཐུད་ཅིང་།།

མཐའ་མེད་ཅིག་གི་རྒྱང་དུ་གྱེས་འདི་སྐྱིད།།

དེ་ལྟ་མོད་ཀྱི་འུ་གཉིས་འཚོ་ས་ནི།།

སྡུག་བསྔལ་མེད་ཀྱང་ཚོན་མདོག་མང་བ་ཡི།།

རྩྭ་ཐང་དཀྱིལ་གྱི་མཚོ་མཐའི་གསེར་གུར་དེའི།།

ཆར་བ་བབས་ཚེ་གུར་མཐའ་ཆུས་བརླན་ཞིང་།།

སྔས་འགོའི་འོག་གི་ཆང་དང་དམ་པེ་རྣམས།།

ཁྲོག་སྒྲ་གྲག་བཞིན་རིམ་གྱིས་མཐའ་རུ་ཁྱེར།།

མུ་ཏིག་ལྟར་དུ་འོད་ཀྱིས་འཚེར་ནའང་།།

ཁ་དོག་གཞན་ཞིག་ད་དུང་སྣང་བ་ཡིས།།

དྲན་པའི་ནང་གི་ཉིན་སྲིབ་བརྟོལ་བ་ཡི།།

ཇག་གླུ་འཐེན་པའི་རླུང་གི་གྲུ་ཤན་དེ།།

རྨི་ལམ་ནང་གི་རྟ་ཕོར་བཅིབས་ཏེ་བྱོན།།

  • ལེ་ཚན་སྔོན་མ།:འཁོར་བའི་ནགས་ཀློང་ལ་འཁྲི་བའི་བྱེའུ།
  • ལེ་ཚན་རྗེས་མ།:འཇིང་གླུ།