འཁོར་བའི་ནགས་ཀློང་ལ་འཁྲི་བའི་བྱེའུ།

ཀརྨ་བསྟན་འཛིན།        2019-09-25


ང་ལ་དེ་ལྟར་བསྙེན་ཞིང་བཀུར་བ་ཡི།།

ཡུན་རིང་བྲེལ་བའི་ལས་ཀ་རྫོགས་པ་ན།།

བསིལ་ཞིང་འཇམ་པའི་རླུང་བུ་གང་ལ་སོང་།།

གྲིབ་མར་བྲོས་པའི་ཉི་འོད་གང་དུ་ཡོད།།

ཟམ་པའི་རྒྱུད་ཀྱི་སྙན་ངག་རྒན་མོ་དེས།།

སྔོ་ཚོད་འཁྲུད་བཞིན་བྱིས་པར་འབོད་ཀྱིན་འདུག།

བྱང་ཐང་དེ་ཡི་སྲོད་ཀྱི་ཁྱོད་རང་ནི།།

དཔག་ཚད་ག་ཚོད་ཅིག་ནས་ཡོང་གིན་ཡོད།།

རི་སྒང་སྨུག་པ་རིམ་གྱིས་འཁྱུད་པ་དང་།།

དེ་དག་ཁ་དོག་དཀར་པོར་གྱུར་པའི་ཚེ།།

རང་སེམས་ཁྱོད་ཕྱོགས་བཞུད་པའི་ངང་ཚུལ་འདིས།།

ཁྱོད་ཀྱི་ལམ་དང་ཟམ་པ་མ་འགུལ་ལམ།།


རྒྱང་རིང་ཞིག་ནས་རྩྭ་ཐང་སེར་སྐྱར་གྱུར།།

གུར་དང་ལུག་ཁྱུ་མེ་རི་བཞིན་དུ་འབར།།

མེ་ལྕེ་རེ་རེའི་རྩེ་ནས་མཆེད་པ་ཡི།།

དམར་པོའི་མེ་ཁྱོད་ད་ལྟ་གང་དུ་ཡོད།།

ལྷ་བཟོ་ཀུན་དགའ་ཤིང་བཟོ་ཀུན་དགའ་ལྟར།།

སྔ་མ་ལྟར་དུ་དུ་བའི་རྟ་ཕོ་ལ།།

བཅིབས་ཏེ་འཛམ་གླིང་གཡས་སྐོར་མ་བརྒྱག་རོགས།།

རྟ་ཕོ་འདི་ཡི་མིག་གཉིས་མཆི་མས་གང་།།

ཉི་འོད་ཅུང་ཙམ་མཐོང་པའི་གློ་རྡེག་ཏུ།།

ང་ཡི་རྣམ་ཤེས་ཚ་བ་མི་བཟོད་འཆི།།

དེ་ཚེ་ཁྱོད་རང་ད་དུང་མ་ཡོང་ཚེ།།

ང་ཡི་མི་ཚེར་སྙན་ངག་མ་འབྲི་རོགས།།


དགུན་ཁ་ཡོལ་ནས་སྟོན་འགོ་ཚུགས་མ་ཐག།

གཟན་ཤམས་ཁ་དོག་དྲོད་ཀྱི་རྔུལ་ཆུས་བརླན།།

སོས་ཀའི་མི་ཞེས་རྟག་པར་གཉིད་དུ་ཡུར།།

སྒེག་ལྡན་ཁྱོད་ཀྱི་ཚེ་ཡི་འཕེན་པའང་།།

གཞན་དག་ལྟར་དུ་མྱུར་མོར་མ་རྫོགས་ཚེ།།

ཁྱོད་ཀྱིས་ང་ལ་བག་མེད་མ་བྱེད་ལགས།།

ང་ཚོའི་མི་ཚེ་ཕལ་བའི་མི་ཚེ་རེད།།

རིང་པོ་རེད་ཅེས་བཤད་སར་མི་འགྲོ་ལ།།

ཐུང་ངུ་ཡིན་ཞེས་མཉན་མཁན་མི་ཡོང་ངོ་།།


ཁྱོད་ཀྱིས་མི་ཚེ་གཅིག་ལ་ཞི་བ་སྒོམ།།

སྡང་བའི་དགྲ་རྣམས་མེ་སྟག་བཞིན་དུ་བཏུལ།།

མཉམ་པར་བཞག་ཚེ་སྙན་ངག་ཅུང་རེ་འབྲི།།

ཏིང་ངེ་འཛིན་ལ་ཡུན་རིང་ངང་དུ་བསྡད།།

སྒྲོལ་མ་འཇལ་འདོད་འདུན་པའི་གདུང་བ་གང་།།

སྐར་ཆེན་དག་ལས་ཡིད་གར་ཡོང་བ་ཡི།།

འཁྲབ་སྟོན་པ་རྣམས་སྙིང་དུ་སྡུག་པ་ལྟར།།

སྐྱ་ཐག་ཆོད་པའི་བྱེ་ཐང་རྒལ་བཞིན་སོང་།


ཁྱོད་ཀྱིས་ལོ་ངོ་ལྔ་བརྒྱའི་བར་སྐབས་ནས།།

ལྷ་མོར་བཏུད་ཅིང་ལྷ་མོའི་ཞལ་ཡང་མཇལ།།

ལྷ་མོའི་སྤྱན་གྱིས་གཟིགས་པ་མི་འདོར་བ།།

རྗེས་ཆགས་ཐུགས་རྗེས་མི་ལོ་ལྔ་བརྒྱར་བསྐྱངས་།།

བཀའ་དྲིན་ཞུའམ་ཅུང་ཙམ་རྒྱང་རིང་གི།

དྲན་པའི་ཕོ་བྲང་རྟག་ཏུ་སྲུང་པ་ཡི།།

ནམ་མཁར་རྒྱུ་བའི་བྱང་ཆུབ་ཆེན་པོ་ལགས།།

ཚེ་གང་ཕུད་ཅིང་ལོ་གང་མཆོད་པ་ཡི།།

ཆང་དང་བརྩེ་བས་རིལ་བོར་བརྒྱན་པ་ཁྱོད།།

ད་ནི་ཇི་ལྟར་ང་ཡི་སེམས་ལ་འབབ།།


གྲོང་ཁྱེར་འདི་རུ་སྙན་པའི་གླུ་མ་ལེན།།

གྲོང་ཁྱེར་འདི་ཡི་སྲང་དང་སྲང་ལམ་བར།།

ཕུགས་འདུན་མེད་པའི་བྱ་ནི་མང་གྱུར་པས།།

ལུས་དང་ལང་ཚོ་འཇའ་འོད་ལྟར་དུ་འཆར།།

ད་ལྟ་ཡོད་ལ་ད་ལྟ་མེད་པ་ཡི།།

མི་སྡུག་པ་ཡི་འཚོ་བར་ཆགས་ཆགས་ནས།།

ཞེ་ཡི་མགུར་འདིས་མགྲིན་པ་རྣངས་ན་ཡང་།།

བརྗེད་པ་མི་འདུག་ཀྱེ་ཧོ་བྱེ་ཐང་གི།།

འདི་ཕྱོགས་ཡོང་བའི་ཆ་མེད་རྒྱུས་མེད་ཀྱི།།

རྨི་ལམ་ནང་གི་མཆོད་མེ་ལྟ་བུའི་ཁྱོད།།

ང་རང་ད་ནི་ཁྱོད་ཀྱི་ཉེ་ས་རུ།།

མྱུར་བར་ལོག་འདོད་སེམས་འདི་གཡོ་བ་ལ།།

ལོ་ངོ་མང་པོས་རུམ་དུ་ཉལ་བ་ཡི།།

བརྩེ་བ་ཀོ་ཤུན་མ་འདི་ཆུང་ནའང་།།

དེ་ལ་དེ་ལྟར་མཛའ་བརྩེ་མང་ལགས་པས།།

གཅེས་པར་འོས་རོགས་རྗེ་བཙུན་ཁྱོད་ལགས་སོ།།

  • ལེ་ཚན་སྔོན་མ།:འཚོ་བ་གསར་པས་ལོ་ངོ་བདུན་ཅུ་བསུ།
  • ལེ་ཚན་རྗེས་མ།:རྨི་ལམ་ནང་གི་རྟ་ཕོ།