འཇིང་གླུ།

ཀརྨ་བསྟན་འཛིན།        2019-09-25

སྲིད་པའི་གནས་ཀྱི་ཉེ་བའི་འཁོར་བ་རུ།།

འདུ་འབྲལ་ལས་གཞན་ནམ་མཁའ་གཡའ་དག་པ།།

སྣང་བའི་ཉི་འོད་འདུས་པའི་གཏན་དུ་འཁྱིལ།།

ཚེ་རབས་ལས་ཀྱིས་དེད་པའི་ལམ་ངོགས་སུ།།

སྤྱི་ནས་མཛེས་པའི་ཁྲོན་ན་ཁྱེད་ཉིད་ནི།།

དྲི་ངད་སྤོས་ཆུ་སྒྲ་དབྱངས་མཆོད་པའི་རྫས།།

ལྷ་ཚོགས་ཞིང་གི་སྙན་པའི་ཆོས་ཀྱི་སྒྲ།།

རྨི་ལམ་མིན་གྱུར་དུས་གསུམ་ཀུན་ཏུ་གྲགས།།

གོམས་པའི་འདུ་བྱེད་ལམ་ལ་མི་ལྟུང་བ།།

རྐང་པའི་ལོང་བུ་ཆ་འཇོག་མེད་པ་ཡི།།

གཅིག་ཏུ་མི་གནས་དྲང་སྲོང་ཆེན་པོ་གང་།།

མར་མི་དྭགས་གསུམ་སྲིད་ན་འཇིང་བ་ཡི།།

བསྟན་པའི་རྒྱལ་མཚན་དྲི་མ་མེད་པ་གང་།།

ཇི་སྲིད་ཏིང་འཛིན་ཟས་ཀྱིས་འགྲངས་པ་ཡི།།

ཉིན་མཚན་ཀུན་ཏུ་ཞེན་པའི་འོད་ཀྱིས་ནི།།

བསླུ་བའི་ཆོས་འདི་ཡུན་གྱིས་བཏང་བ་ཡི།།

སེམས་འདི་གང་གནས་བསྟན་པའི་བྱེད་པོ་གང་།།

ཡུན་དུ་གནས་ཤོག་སྐྱེས་བུ་ཁྱོད་མཆོད་དོ།།

  • ལེ་ཚན་སྔོན་མ།:རྨི་ལམ་ནང་གི་རྟ་ཕོ།
  • ལེ་ཚན་རྗེས་མ།:ཁྱོད་རང་འབྲོག་མོ་ཞིག་ཡིན་སྟབས།