མུན་པའི་མེ་ལོང་ལས་རང་ཉིད་སྟོང་ཚུལ།

གཟབ་ཉན་པ།        2019-09-20

མེ་ལོང་ལས། ངས་རང་ཉིད་ལྟ་བུའི་མི་ཞིག་མཐོང་།

ངས་བལྟས་བལྟས་ནས། ཇི་ལྟར་བརྗོད་ནའང་།

མུན་པའི་ལྦུ་བ་ལས་བསྲུབས་པའི་གྲིབ་མ་ཞིག་ལྟར།

མཚན་མོའི་སྒང་གཤོང་དག་ན་སྦས།

མེ་ལོང་ངོས་སུ་འཆར་བའི་གྲིབ་མ་ནག་པོ་དེ།

རང་ཉིད་ཡིན་ན། མུན་ནག་གི་རྔམས་ཁ་མཐུག་པོའི།

ང་རང་ནི། མུན་པའི་དཀྱིལ་འཁོར་གང་ལ་བསྲིངས་སོང་།

འོན་ཀྱང་། ངས་ད་ལྟའི་བར་དུ་མེ་ལོང་ངོས་ཀྱི་མི་དེ།

རང་ཉིད་དང་བར་ཐག་ཉེ་བ་སུ་ལའང་བརྗོད་མེད།

དེ་བས།   ང་རང་མུན་པའི་འོབས་དོང་ལས་ཕྱིར་བུད་དེ།

རང་གི་ལང་ཚོ་དང་རྣམ་ཤེས་ཚོགས་དྲུག

མུན་ནག་གི་ཕ་རོལ་ཏུ་དལ་གྱིས་ཆས་དགོས།

ནམ་ཡང་།  འདི་ལྟར་དལ་གྱིས་ཆས་དགོས།

འདི་ནི། གངས་དཀར་པོར་སེམས་པ་བརླན་ཚུལ་ཞིག་དང་།

འདི་ནི། ཆུ་དྭངས་མོར་ཐོམ་བུ་བསྲིངས་ཚུལ་ཞིག་ཅི་ལ་མིན།

མུན་ནག་གི་ཡལ་ག་ལས།

རྟ་མཆོག་གི་རྨིག་སྒྲ་མེ་རུ་འབར་ཞིང་།

གསེར་གྱི་ཡིག་འབྲུ་དག་ས་རུ་ཟགས།

འདི་ནི། ང་ཆས་དགོས་པའི་སྔོན་འགྲོ་ཡིན།

འདི་ནི། ངས་རང་ཉིད་མུན་པའི་མེ་ལོང་ལས་སྟོང་དགོས་ཚུལ་ཡིན།

བར་སྐབས་ཤིག་གི་གདུང་བ།

ངས་རང་གི་སྐྱོ་སྡུག་ཡོད་ཚད།

ཁྲག་གིས་བྲིས་ཏེ་རླུང་ལ་བསྐུར།

སུ་ཞིག་གིས་གསང་བ་བརྟོལ་བར་དོགས་ནས།

རླུང་ལ་ལྕེབས་ནས་རྒྱང་དུ་བཀྱེད།

ངས་མུན་ནག་ལྟ་བུའི་ལོ་ཟླ་ཞིག

གཉའ་བས་བཏེགས་ཤིང་།

ངས་མེ་ལོང་ལྟ་བུའི་མཚོ་མོ་ཞིག

མིག་ཀོང་དུ་བསྐྱིལ་མྱོང་།

ད་དུང་། རྡོ་བ་ལྟ་བུའི་བརྟན་བརླིང་ཞིག

ལོ་ཟླའི་བང་རིམ་སྟེང་བསླངས་མྱོང་།

ངས་སྐྱོ་སྡུག་མཐའ་དག་བདེ་སྐྱིད་དུ་བསྒོམས་མྱོང་ལ།

དགའ་བ་ཡོད་ཚད་སྡུག་བསྔལ་དུའང་རྟོགས་མྱོང་།

དོན་དམ་པར། ང་ཁོ་ན། ན་ཟུག་གིས་མེ་ལ་བསྲེགས་པའི།

སོལ་བ་ཞིག་དང་འདྲ་ལ།

སྐྱོ་སྡུག་གིས་ཆུ་ངོས་སུ་སྐྱོམས་པའི།

གཉེར་རིས་དེ་དང་འདྲ་བོ་ཨང་།

གྲོགས་པོ་ལགས།

གྲོགས་པོ་ལགས། ནམ་ཟླ་འཁྱག་ཅིང་འཁྱག་པའི་དེ་རིང་།

ཉ་མོ་ཆུ་དང་བྲལ་ན།

འཁྱག་པ་རྡོ་དང་འདྲ་བའི་ངང་ཚུལ་དེ།

སྒྱུ་འཕྲུལ་གྱི་མངའ་ཐང་ནས་སྤུར་ཏེ།

ཞེ་འདང་གི་གོང་བུ་རུ་མ་འཇུག་རོགས།

བརྩེ་སེམས་ཀྱི་ཆུ་མོ་བཞུར་ཏེ། ཞེ་སྡང་གི་མེ་ལྕེ་འབར་བར་སྐྲག་གི

གྲོགས་པོ་ལགས། ནམ་ཟླ་འཁྱག་ཅིང་འཁྱག་པའི་དེ་རིང་།

ཆུ་དང་འོ་མ་ལྟར་འདྲེས་ཏེ།

མེ་དང་ཆུ་ལྟ་བུར་གྱུར་ནས།

དཀའ་སྡུག་གི་ལོ་ཟླའི་ཁྲོད་ནས།

བརྩེ་བ་སྤར་མོ་གང་བོ་འདི་མ་གསོད་རོགས།

ངའི་སེམས་པར་མི་ཤོང་གི ལུས་ཀྱིས་མི་ཐེག་གི

ས་སྲོད་ཅིག་ལ། ངས་འདི་ལྟར་དྲན་མྱོང་།

ས་སྲོད་ཀྱི་གྲིབ་གཟུགས་ནར་མོ།

མུན་ནག་གིས་ལྷོད་ཀྱིས་སྦར་རྗེས།

ཡ་ཆུང་ལ་འཛུལ་བའི་མི་དེ།

རྒྱང་རིང་རྒྱང་རིང་དུ་ཡལ་སོང་།

མུན་པའི་སྙིང་རྩིད་ཀྱིས་བཞར་བའི་གྲིབ་མ།

མི་ཚོགས་ཀྱི་བླ་སྲོག་བཀུགས་པའི་ནག་ཉེས་ཀྱི་རི་མོ།

སུ་ཡིས་ལང་ཚོ་ལ་བསྟིམས་ནས།

སུ་ཡིས་རྨི་ལམ་རྨང་ནས་བསྲེགས་སོང་ངམ།

སེམས་ཀྱི་རྡོ་རུ་བརྡར་བའི་ནག་ཉེས་དང་སྡིག་སྒྲིབ།

ཡང་ན་མཚན་མོའི་ཀློང་གི་མུན་ནག་ཏུ་བཅུག་པའི་གྲིབ་མས།

སུ་ཞིག་གི་བླ་སྲོག་མུན་ནག་གི་ཁྲག་ལ་བསྒྲེས།

མུན་ནག་གི་བང་རིམ་ལས།

ཡིག་འབྲིའི་སྦྱོར་བ་དག

བླ་སྲོག་གི་ཆག་གྲུམ་ལས་འབུས་ཤིང་།

ཕམ་ཉེས་ཀྱི་ཁ་དན་གོར་མོས།

ལོ་ཟླའི་ཞགས་པ་དུམ་བུར་བགོས་སོང་།

  • ལེ་ཚན་སྔོན་མ།:ལོ་ཟླ།
  • ལེ་ཚན་རྗེས་མ།:གཏམ་བཟང་ཞིག་གིས་བསྐུལ་བའི་སེམས་ཚོར།