གཏམ་བཟང་ཞིག་གིས་བསྐུལ་བའི་སེམས་ཚོར།

ཤེལ་དཀར་པོ།        2019-09-20

རྒྱང་རིང་ཕ་ཡུལ་ནས་འོད་ཅིག་མཆེད་དེ།།

སེམས་ཀྱི་ས་སྲོས་ལ་དྲོད་ཅིག་སྦྱིན་པས།།

སྤྲོ་བའི་རྒྱུད་སྐུད་དེ་ལྷོད་ཀྱིས་འགུལ་ནས།།

སྙན་པའི་དབྱངས་རྟ་ཞིག་ངང་གིས་འབྱམས་སོང་།།

སྣང་བའི་ནེའུ་གསིང་ལ་མེ་ཏོག་བཀྲམ་འདྲ།།

རྐང་དྲུག་བུང་བ་ཡིས་འཕུར་ལྡིང་རོལ་འདྲ།།

དབྱར་གྱི་མཛེས་རིས་དེ་སེམས་ལ་བྲིས་ནས།།

འཇིག་རྟེན་ཆགས་ལུགས་ལ་བསྟོད་གླུ་བླངས་བྱུང་།།

ཚོར་བ་འཛད་མེད་ཀྱིས་སྐོར་བྲོ་འཁྲབ་ནས།།

བྲང་གཞུང་སྐམ་པོ་ནས་སྤྲོ་རླབས་འཕྱུར་བྱུང་།།

རྨི་ལམ་དོག་མོ་ལ་འོད་ཞགས་འཁྱུག་པས།།

མི་ཚེའི་ལས་རླུང་ལ་སྐྱིད་ཅིག་འཁོར་བྱུང་།།

དྲན་ཤེས་འཇའ་ཚོན་གྱི་ཀློང་ལ་དཔྱངས་ཤིང་།།

ཚོར་བའི་ཉམས་འགྱུར་གྱི་རི་མོ་དྭངས་མ།།

ལུས་ཀྱི་བྲང་ཁོག་གི་སྦུབ་ན་བསྐྱོམས་པས།།

རྣམ་ཤེས་ཕྲ་མོ་དེ་དགའ་བས་བཟི་འདུག།

ཉི་མའི་གཟི་འོད་དེ་རབ་ཏུ་གསལ་ལ།།

ཟླ་བའི་རང་མདངས་ལ་དཀར་རྩི་བྱུགས་པས།།

དགུ་ཚིགས་ཁྲ་ཁྲ་དེ་འཛུམ་གྱིས་བཞད་འདུག།

འཛུམ་པ་ཡག་མོ་དེ་རྟག་ཏུ་བརྟན་ཤོག།

  • ལེ་ཚན་སྔོན་མ།:མུན་པའི་མེ་ལོང་ལས་རང་ཉིད་སྟོང་ཚུལ།
  • ལེ་ཚན་རྗེས་མ།:འཚོ་བ་གསར་པས་ལོ་ངོ་བདུན་ཅུ་བསུ།