ལོ་ཟླ།

གསེར་མེ།        2019-09-20

མི་ཚོགས་ཀྱིས་འཚོ་བ་རུམ་གང་ཁྱེར་ནས་སླར་ཡང་འཚོ་བ་བཙལ།

རླུང་གིས་བྲིས་པའི་བྲེལ་ཟིང་གི་རི་མོ་སྔས་མགོར་བཀལ་ཏེ།ངལ་དུབ་ལ་དང་ལེན་དང་ཁོག་ཡངས་མེད་པར་ལྕག་གིས་སྐུལ།

དཀའ་སྡུག་གི་འཕག་འཚག་དང་དགའ་སྐྱོའི་མིག་ཆུ་ཡོད་ཚད་ལོ་ཟླའི་ཁུད་དུ་ཟགས།

ང་ལ་རོ་བཅུད་ཕུན་སུམ་ཚོགས་པའི་འཚོ་བའི་རྒྱགས་ཕྱེ་མེད་པར་མི་ཚོགས་ཀྱི་འཕྲང་དུ་ལྕེབས་པས།

ད་དུང་ཡང་ཁྱིའུ་ཞིག་གི་ཟུག་སྐད་ཙམ་ལས་གྲོག་རོང་གི་ཐན་པ་བསྲུང་བའི་ཟུག་སྐད་དེ་འབར་གྱིན་མེད་པར་ཚོར་བས།

མུ་མཐུད་དེ《སྐོམ་པས་གདུང་བའི་རྒྱང་བཞུད་པ》(ཐེ་ཀོར་གྱི་སྙན་ངག་ལས)ཞིག་དང་།

རང་ཉིད་ཀྱི་འདྲ་རིས་གསར་དུ་འབྲི་ན་འདོད་བྱུང་།

ཡིན་ན་ཡང་། གོམས་གཤིས་ཀྱི་མཛེས་མ་ནི་སྔར་ལྟར་གདེང་ཚོད་

གང་ཡང་མེད་པར་ལོ་ཟླའི་མེ་འོབས་སུ་ལྕེབས་པ་ལས་རིག་གསར་གྱི་

བུ་མོ་ཞིག་བྱ་མ་བཏུབ་པས། ང་རང་ཡང་ཆགས་ཞེན་གྱི་དབང་དུ་

གྱུར་ཏེ་སྲོལ་རྒྱུན་གྱི་མཛེས་མར་དད་ཅིང་མེ་འོབས་སུ་རང་ཤི་བརྒྱབ།

འདི་ནི་བདེན་པས་གྲུབ་པའི་ཕམ་ཁ་དེ་ཡིན་ཡང་། བདེན་པར་ཤི་

བའི་གནས་ལུགས་ཤིག་ཀྱང་ཡིན་ཤས་ཆེ།

ཆོད་སེམས་དང་སྙིང་སྟོབས་དེས་རང་ཉིད་རྐྱང་པ་སྤུར་བ་ཙམ་ལས། མཐོང་ལམ་དུ་བཀྲ་བའི་འཇིག་རྟེན་ལ་གཡོ་འགུལ་ཅི་ཡང་མི་ཐེབས་པ་

དེ་ནི། ཞན་ཆ་ཞིག་གིས་མགོ་མཇུག་བར་གསུམ་དུ་བཞག་པའི་

བདེན་དཔང་ཡིན་ཡང་།

འབྲེལ་ཆོས་ཀྱིས་ཕུང་པོར་ཆགས་པའི་ཕྱི་ནང་གི་འཇིག་རྟེན་གང་

ཞིག་ནས། ད་དུང་ཡང་བླུན་སོང་བར་ཡེ་ནས་རྟོགས་ཀྱིན་མི་འདུག

ཨཱ་་་་་འཛིན་དུ་མེད་པའི་མདུན་གྱི་ཡོད་ཚད།

དྲན་མི་ཕོད་པའི་འདས་སོང་གི་ཡོད་ཚད།

ཁྱོད་ནི་ལོ་ཟླ་དག་གིས་མདུད་པ་དཀྲོལ་དགོས་པ་ལས།

དངོས་ཆོས་ཤིག་གིས་ཊིཀྐ་འབྲི་མི་ཐུབ་ཅིང་།

དེ་ནི་ལོ་ཟླའམ་མི་ཚེ་དང་།

དེ་ནི་འཚོ་བ་དང་དངོས་གཤིས་ཡིན་པས་ལོས་ཡིན།

མ་གཞི་ནས། མི་ཚེ་ནི་ཁ་བྱང་མེད་པའི་ལོ་ཟླ་དེ་ཡིན་པས།

ཡོད་ཚད་ལ་ཁ་བྱང་མེད་པར་རྨོངས་འདེམ་བྱེད་དགོས་བྱུང་།

  • ལེ་ཚན་སྔོན་མ།:གངས་ཅན་ཡི་གེ་བྱེད་པོ་སློབ་དཔོན་ཐོན་མི་ལ་ཕུལ་བའི་བསྟོད་ཚིགས་མནྡ་རའི་ཕྲེང་བ།
  • ལེ་ཚན་རྗེས་མ།:མུན་པའི་མེ་ལོང་ལས་རང་ཉིད་སྟོང་ཚུལ།