གངས་ཅན་ཡི་གེ་བྱེད་པོ་སློབ་དཔོན་ཐོན་མི་ལ་ཕུལ་བའི་བསྟོད་ཚིགས་མནྡ་རའི་ཕྲེང་བ།

དྲང་འཇུག        2019-09-18

གྲུ་འཛིན་བདག་པོ་སྤྲུལ་བས་རོལ་བ་འཛིན། །

གངས་ཅན་ས་གཞི་སྐྱོང་བ་སྲོང་བཙན་གྱིས། །

བཀའ་ཡི་དབང་མཆོག་གཙུག་ཏུ་བསྐུར་བ་ན། །

ལེགས་སོའི་དམ་ཚིག་བདུད་རྩི་སྤྲོ་བས་གསོལ། །


ཡངས་བའི་ཕ་མཐའ་མི་མངོན་ལྷ་ཡི་རྫིང་། །

ཉིན་བྱེད་སྟོང་གིས་ཚ་ཟེར་འགྱེད་པ་ལྟའི། །

འཕགས་ཡུལ་བགྲོད་དཀའི་ལམ་བུ་གྱ་མ་གྱུ། །

ཟླ་འོད་ངོགས་ནས་གཞལ་བའི་རྫུ་ལ་ཞུགས། །


གཞན་ཕན་ལྷག་བསམ་རྩ་བ་རབ་ཏུ་བརྟན། །

ཟླ་མེད་ཤེས་བྱའི་འབྲས་བཟང་ཁུར་གྱིས་དུད། །

དེ་ལྟའི་མཚན་ལྡན་བཤེས་མཆོག་འཚོལ་བ་ལ། །

བྱང་སེམས་རྟག་ངུས་རྣམ་ཐར་བདག་གིར་བཞེས། །


བཤེས་ཀྱི་ལེགས་བཤད་སྣང་བྱེད་གཞོན་ནུའི་དཔལ། །

སྐལ་བཟང་ཆུ་སྐྱེས་ཚལ་དུ་ལེགས་འཁྲུངས་ཚེ། །

རྣམ་དཔྱོད་རིག་པའི་འདབ་ཡང་ལྷུག་པོར་གྲོལ། །

འཁྲུལ་མེད་ཤེས་བྱའི་གེ་སར་མཚར་སྡུག་འབར། །


སྐུ་མཁར་མ་རིར་ལོ་ཟླ་དལ་འགྲོའི་རྒྱུན། །

བརྩོན་པ་གསེར་མདོག་ཉ་མོའི་འཁྱུག་རྩལ་གྱིས། །

མ་རྨད་དབྱངས་གསལ་གསེར་གྱི་སྒྲོན་མེ་ཆེ། །

གངས་ལྗོངས་མུན་པའི་ཀློང་དུ་བསྒྲོན་པ་མཚར། །


གང་གིས་འཕགས་ཡུལ་ཆོས་ཀྱི་འདུན་ས་ནས། །

རྣམ་དཔྱོད་འཕྲུལ་འཁོར་བརྒྱ་ལ་བསྟེན་བྱས་ཏེ། །

དཔལ་ལྡན་གདེང་ཅན་ནོར་གྱིས་གཞལ་མིན་པ། །

རྨད་བྱུང་རིག་པའི་གནས་རྣམས་བོད་ལ་དྲངས། །


དེ་ལྟར་སྒྲོ་བཏགས་སྤུད་པ་ཡོངས་སུ་བྲལ། །

གངས་ཅན་ཡི་གེ་བྱེད་པོ་ཐོན་མི་ལ། །

སྙན་ཚིག་ནོར་གྱིས་བསྔགས་པ་ཆུ་སྐྱེས་ཕོན། །

བཀའ་དྲིན་སྐྱེས་སུ་ཕུལ་བའི་སྟངས་ཀ་ཙམ། །



  • ལེ་ཚན་སྔོན་མ།:​དགེ་རྒན་དུས་ཆེན་ལ་བཀྲ་ཤིས་སྨོན་འདུན་ཞུ།
  • ལེ་ཚན་རྗེས་མ།:ལོ་ཟླ།