ཀ་རྩོམ་སྙིང་གི་འབོད་སྐུལ།

        2019-07-24

ཀ་ཁའི་དབྱངས་རྟ་ངག་ལ་གྱེར་རོགས་ཚོ།།

ཁ་བའི་ལྗོངས་ཀྱི་རྐང་འཛིན་བྱེད་དགོས་པས།།

ག་ལེར་མ་འདུག་བརྩོན་པས་མདུན་དུ་རྒྱུགས།།

ང་རྒྱལ་མགོ་བོ་མཐོ་རུ་མ་འདེགས་རོགས།།


ཅ་ཅོའི་སྒྲ་ལ་སེམས་པ་མི་འཁོར་ཞིང་།།

ཆ་ལུགས་ཚད་ལྡན་མིན་པའི་གཞན་རྗེས་སུ།།

ཇ་ཆང་སྐྱིད་ཀྱི་དཔལ་ལ་མི་རོལ་བར།།

ཉ་མོས་འཁྱུག་རྩལ་སྦྱངས་བཞིན་སློབ་ལ་བརྩོན།།


ཏ་ལའི་འདབ་ལྟར་ཡངས་པའི་སེམས་པ་དེ།།

ཐ་ཤལ་མི་ཡི་རྗེས་སུ་མི་ཞོགས་པར།།

ད་ནི་རང་ལ་དགོས་པའི་རིག་གཞུང་ལ།།

ན་ཆུང་དུས་འདིར་བརྩོན་པ་བསྐྱེད་དེ་འབད།།


པ་ཕ་ཨ་མའི་རེ་བ་འགྲུབ་ཆེད་དུ།།

ཕ་མཐའ་བྲལ་བའི་ཤེས་བྱའི་ཡོན་ཏན་ལ།།

བ་སོའི་རིན་ཐང་ལྟ་བུར་བཟུང་ནས་ནི།།

མ་བཅོས་སེམས་ཀྱི་སྙིང་རུས་བསྐྱེད་དེ་བརྩོན།།

ཙ་རི་གནས་སྐོར་བྱེད་རྒྱུ་མི་འཁྱོངས་ཀྱང་།།

ཚ་གྲང་དཀའ་སྡུག་གང་ལའང་མི་སྐྲག་པར།།

ཛ་ཡའི་བསྟན་ལ་དད་བཞིན་སློབ་སྦྱོང་ལ།།

ཝ་སྐྱེས་སྡར་མའི་ཚུལ་འཆོས་སྤངས་ཏེ་འབད།།


ཞ་བོ་ཡིན་རུང་རྒྱལ་ཁམས་རིག་པས་བསྐོར།།

ཟ་འོག་བེར་མས་མཛེས་སྤྲས་མེད་ཀྱང་རུང་།།

འ་ཅག་རང་གི་རིག་པའི་གཞུང་ལུགས་ལ།།

ཡ་རབས་གུས་པའི་ཚུལ་གྱིས་འབད་པར་འཚལ།།


ར་ལུག་གང་སར་རི་ལ་བཀྲམ་པ་པ་ལྟར།།

ལ་ལུང་མྱུལ་ནས་ཉི་མ་མི་གཏོང་བར།།

ཤ་དང་རུས་ལ་ཟུག་པའི་རིག་གཞུང་འདི།།

ས་ཕྱོགས་གང་དུ་སོང་རུང་སྙིང་ལ་ཆོངས།།


ཧ་ལས་ངོ་མཚར་སྐྱེས་ཏེ་མི་འདུག་པར།།

ཨ་མའི་བུ་ཞིག་ཡིན་ན་རང་རིགས་ཀྱི།།

རིག་པའི་གཞུང་ལ་འབད་པ་ལྷུར་ལེན་གྱིས།།

སྦྱངས་བར་བརྩོན་དང་བདག་གི་སློབ་གྲོགས་ཚོ།།

མི་ཉག་རྡོ་ར་དཀར་མོ་སློབ་གྲྭའི་བདུན་བཞི་འཛིན་གྲྭ།  བསོད་ནམས་ཆོས་མཚོ།

  • ལེ་ཚན་སྔོན་མ།:ཀ་རྩོམ་བསླབ་བྱའི་འགྱུར་ཁུགས།
  • ལེ་ཚན་རྗེས་མ།: ལྷ་སྒང་རྩྭ་ཐང་གི་མཛེས་པ།