2019-07-24
ཀྭ་ཡེ་ལོངས་དང་སློབ་ར་གཅིག་པའི་གྲོགས།།
ཁ་མཚར་མིན་པའི་གཏམ་འདི་ཁྱེད་ལ་འབུལ།།
ག་ལེར་སྦྱངས་བ་ཅུང་ཞིག་བྱེད་འདོད་ན།།
ང་ཡི་ཚིག་འདིར་གསོན་དང་སློབ་གྲོགས་ཚོ།།
ཅ་ཅོའི་ཉོག་གཏམ་བཤད་ནས་མི་འདུག་ཅིང་།།
ཆ་ལུགས་བརྗེ་ནས་གྲོང་ཁྱེར་མི་འགྲིམས་ལ།།
ཇ་ཆང་རོལ་ནས་ཉི་མ་མི་གཏོང་བར།།
ཉ་མོས་འཁྱུག་རྩལ་ངོམ་བཞིན་སློབ་ལ་བརྩོན།།
ཏ་ལའི་འདབ་ལྟར་ཡངས་པའི་སེམས་པ་དེ།།
ཐ་ཆད་མི་ངན་ཕྱོགས་སུ་མི་འཁོར་བར།།
ད་ལྟ་ཆ་རྐྱེན་བཟང་བའི་དུས་བཟང་འདིར།།
ན་ཆུང་སྐབས་ནས་རིག་པའི་གནས་ལ་བརྩོན།།
པ་སངས་ལྟ་བུའི་ལྷག་བསམ་སྙིང་ལ་ཆོངས།།
ཕ་མའི་རེ་བ་སེམས་ལ་དམ་པོར་ཟུངས།།
བ་གླང་ལྟ་བུའི་བླུན་པོའི་རང་ཚུགས་དོར།།
མ་རབས་གྲོགས་དང་བྲལ་ནས་སློབ་ལ་འབོད།།
ཙ་གེ་ཙིག་གེའི་དོན་ལ་མི་འཁྲུལ་བར།།
ཚ་གྲང་དཀའ་ངལ་ཐམས་ཅད་ཁྱད་དུ་བསད།།
ཛ་ལང་སྤྱོད་ངན་རྒྱུད་ལ་མི་བསྟེན་ཞིང་།།
ཝ་མོ་ལྟ་བུའི་གཡོ་སྒྱུ་ཁྲམ་གསུམ་སྤོངས།།
ཞྭ་གོས་གང་བཟང་གྱོན་ནས་མི་འདུག་ཅིང་།།
ཟ་འཐུང་གང་ཞིམ་ཟོས་ནས་མི་འདུག་པར།།
འ་འུར་དོན་མེད་དག་དང་བྲལ་གྱུར་ནས།།
ཡ་རབས་སྤྱོད་བཟང་སློབས་དང་མཛའ་བའི་གྲོགས།།
ར་མ་ལུག་འདྲའི་གཤིས་ངན་མི་སློབ་ལ།།
ལ་ཁའི་སྤྱང་ཀི་ལྟ་བུའི་གདུག་རྩུབ་དོར།།
ཤ་རུས་གདུང་རྒྱུད་གཅིག་པའི་བུ་ཡིན་ན།།
ས་ཆ་གང་དུ་སོང་ཡང་རིག་གནས་སློབས།།
ཧ་ཅང་དོན་སྙིང་མེད་པའི་ཀ་ཕྲེང་འདི།།
ཨ་མཚར་རྩེད་མོའི་ཚུལ་དུ་མི་འཛིན་པར།།
ཧ་ཧ་ཨེ་བདེན་རང་གིས་བསམ་བློ་ཐོངས།།
ཨ་རོགས་གྲོགས་པོ་སེམས་སུ་དམ་པོར་ཟུངས།།
མི་ཉག་རྡོ་ར་དཀར་མོ་སློབ་གྲྭའི་བདུན་བཞི་འཛིན་གྲྭ། པད་ཆོས།
རྩོམ་གསར། 10