ལྷ་ཆོས་པ།

ཡེ་ཤེས་འཕྲིན་ལས།        2019-06-26

གྲམ་པའི་ངོགས་ནས་སྨག་

ཆེན་ལས་ལྕེབས་པའི་ལྷ་ཆོས་པ།

རྟབ་རྟབ་པོའི་བྲེལ་འཚུབ་ཆེན་པོ་ལངས།


ཟླ་བའི་འོག་གི་བསིལ་བ་ལ་

གྲང་ཤུར་ཤུར་གྱི་འཁྱགས་འདར་ལྡན་ལ།

འཇིགས་ཡེར་ཡེར་གྱི་ཞེད་

སྣང་ཡང་མངའ།

མ་ཎི་ཡིག་དྲུག་ཟློས་པའི་ལྷ་ཆོས་པ།

གནས་དེ་ན་སྐྱིལ་ཀྲུང་བཅས།


འཁོར་གསུམ་སེམས་ཀྱི་བདག་

ཉིད་ཡིན་པའང་སེམས་ཏེ།

མིག་ཀོང་མཆི་མས་གཤེར།

འཛུམ་བག་རླུང་གིས་ཕྱིད།

ཁེར་མ་ཡི་དབེན་གནས་སུ།

མཉམ་མེད་སྟོན་པའི་བཀའ་

ཉམས་སུ་བཞེས།

གཙིགས་ཆེན་ལོ་ཙཱའི་གདམས་

སེམས་སུ་ཉར།


ཀྱི་ཧུད།

སྣང་བ་དུབ་པའི་ལྷ་ཆོས་པ།

ཞེ་ལ་ཐོགས་པའི་དྲན་པ་འཁོར།

དཔག་མཐའ་མེད་པའི་མུ་དཔག་ནས།

དཔག་ཐུབ་པའི་མུའི་རྗེས་སུ་སྙེག


ལྷ་ཆོས་པ།

འཇིག་རྟེན་གྱི་རྟེན།ལོ་རྒྱུས་ཀྱི་གནད།

གྲམ་པའི་ངོགས་ནས།

ཁྱེད་ཉིད་ལྕེབས་པའི་སྣང་བརྙན།

སེམས་སུ་སྦས།སྙིང་དུ་གབ།


བརྗོད་མི་དགོས་པའི་གཏམ་

གང་མང་བརྗོད་ནས།

ཟླ་བ་གཅིག་བུ་དེས་ཀྱང་གྲམ་

པའི་མཐིལ་དུ་ལྕེབས།

འཆར་མི་དགོས་པའི་རྣམ་

རྟོག་གང་མང་ཤར་ནས།

མི་བུ་གཅིག་པུ་དེས་ཀྱང་

འཁོར་བའི་གསེབ་ཏུ་ལྟུང་།

ཨེ་མ། ཆོ་འཕྲུལ་གྱིས་གོས་པའི་ལྷ་ཆོས་པ།


  • ལེ་ཚན་སྔོན་མ།:གྲེ་འགྱུ་ལྡབ་ལྡིབ།
  • ལེ་ཚན་རྗེས་མ།:དེ་ལྟ་བུའི་ངང་མི་རྟག་དང་འཕྲད།