ཡེ་ཤེས་འཕྲིན་ལས། 2019-06-26
ཁོ་བོས།
གཞིལ་མེད་པའི་མེ་དབལ་གྱི་སྟེང་དུ་འཕྱན།
ཡ་མ་བརླ་ཡི་ངག་འཁྱལ་ལད་མོ་བྱས་ཏེ།
སྒྱུ་མའི་ཁམས་སུ་གྱི་ན་བའི་འཚོ་བར་བཅད།
གཞིག་ལ་ཁད་པའི་མྱ་ངན་གྱི་ངུ་བཤུམ་དག
རྒྱུ་སྐར་ལ་ཅེར།
དགུ་ཚིགས་ལ་གཡེང་།
གཞོམ་གཞིག་དབེན་པའི་དྲན་པར་ཉོན་མོངས་
ཀྱིས་གདུ་བའི་སུན་པ་གླན།
རྟོག་ངོར་གཡེར་དྲིལ་གྱི་འགྲོས་ཀྱང་དེ་ལྟ་བུ་ངང་ཡལ།
དཔྲལ་མཚམས་སུ་སྐྱིལ་བའི་སྐྱེངས་ལ་འཛེམ།
ནམ་སྨད་དུ་ལྡོམ་པའི་རྨི་ལམ་ལ་འཁྱུད།
འབྱམས་ཀླས་པའི་འཁང་ར་ཡིས་གཏམས་པའི་མིག་ཀོང་།
དམར་ཙ་རེའི་ཆོ་འཕྲུལ་གྱིས་གཤེར།
སྐྱ་ཉིལ་ལེའི་སྤྲེལ་ལད་ཀྱིས་གཙེས།
སྒྲ་མེད་གསོང་བའི་ཚིག་གིས་བཀྲམ་པའི་གཏན་ཚིགས།
གཅོང་རོང་ཞིག་གི་རུམ་ནས་ཉིན་ཞག་མོད་པོར་རྩེན།
ཁོ་བོས།
བྲིད་པའི་གཤིས་དེར་སྡིགས།
ནོངས་པའི་མཚང་ལ་མཐོལ།
འཁང་ཡུས་གྱོང་བོས་འཚེམ་པའི་རྟོག་འགྱུ་དུབ།
རྣམ་ཤེས་དེ་ཉིད་གཤིན་རྗེར་འཇིགས་ཡེར་ཡེར།
གཏད་སོ་མེད་པའི་ཞེ་འདང་སིལ་བུ་ཞིག
གྲེ་འགྱུར་རབ་རིབ་ཅིག་གི་སྣང་ངོར་བལྟམས།
རྣམ་ཤེས་ཀྱིས་སྤྲུལ་པའི་འཁོར་བའི་ཕུན་ཚོགས།
མཚར་སྣང་དང་སྐྱོ་ངལ་གྱིས་གཅུན།
གང་ཡིན་པ་དེ་ཡང་མིན་པ།
གང་མིན་པ་དེ་ཡང་ཡིན་པ།
བློ་སྒྱུ་མས་འཕྲུལ་ནས་དུབ།
སེམས་རྟོག་པས་སྤྲུལ་ནས་རྨོངས།
ངེས་འབྱུང་བློ་ཞིག་འབྱུང་ཡང་།
བདེ་བས་བཅོམ།
བདེ་བའི་དགའ་བ་བྱུང་ཡང་སྡུག་བསྔལ་གྱིས་མནར།
སྐྱིད་ཡིན་པ་ཤེས་ཀྱང་སྡུག་ལ་སྙེག
སྡུག་ཡིན་པ་སྣང་ཡང་དོར་དབང་མེད།
སྔོན་བསགས་པའི་ལས་ཀྱིས་དེད།
རྗེས་སྨིན་པའི་ལས་ཀྱིས་གཡོག
གྲོག་རོང་གི་དུང་ནག་ནང་ནས།
གྲེ་འགྱུར་རབ་རིབ་ཀྱི་དབྱངས་ཉན་ནས།
མི་ཚེ་མཐར་འཁྱོལ།
དེ་ཡང་རྣམ་སྨིན་གྱིས་བསླེས་པའི་མདུད་པའང་
ལས་ཀྱི་རླུང་བུས་གསེད།
ཆག་གྲུམ་གྱི་ཤེས་པ་ཡང་བྱུང་རྒྱལ་གྱིས་བྲན་དུ་བཀོལ།
ཨེ་མ་ཀྱི་ཧུད་ཀྱི་རོལ་དབྱངས་ལེན་ཏེ་འཚོ་བ་ལ་དུངས།
རྩོམ་གསར། 10