འཁོར་བ།

ཀྱེ་ཕུར་མཆོག་གསུམ།        2019-05-24

དེ་རིང་ནས་ཁྱོད་ཀྱང་བྱ་བར་ཞུགས་ཡོད།

ཉལ་ཁྲི་གཅིག་དང་ཉལ་ཐུལ་གཅིག

སླ་ང་གཅིག་དང་དཀར་ཡོལ་གཅིག་གི་བདག་མོ་ཡིན།

ཁ་ཟས་ཞིམ་པོ་ཞིག་རང་གིས་གཡོས་ཏེ་ཟས་ཆོག་ལ།

འཕོས་ཚོས་སྤྲུག་སྤྲུག་བྱས་ཏེ་ཕྱི་ལ་འཁྱམ་ཡང་ཆོག

དེ་ལ་རང་དབང་དང་ཁེར་རྐྱང་ཟེར་ངེས།

 

མི་འགྱངས་པར་སྐད་འཕྲིན་ཆ་མེད་འགའ་དང་།

ཨང་གྲངས་རྒྱུས་མེད་འགའ་ཁྱོད་ཀྱི་འདུག་

གྲོགས་སུ་འབྱོར་ངེས་ཤིང་།

ཡུན་གྱིས་ཡུན་གྱིས་ཁྱོད་ལ་སྙིང་ཉེ་འབོད་པའི་མི་ཞིག་གིས།

བརྩེ་དུང་ཟེར་བའི་གཏམ་རྒྱུད་ཅིག་ཁྱོད་ཀྱི་

རྣ་བར་ཡང་ཡང་འཆད་ངེས་ལ།

དེ་ལས་གཅིག་གིས་ཁྱོད་ཀྱི་ཡ་ཁོག་ལ་ཚང་

མལ་བཅའ་ངེས་ཤིང་།

མེད་ན་མི་སྡོད་ཅིང་ཡོད་ན་མི་ངོམས་པའི་

རླུང་བུ་ཅང་ཅང་གཡུག་སྟེ།

དཀར་ཡོལ་གཉིས་དང་སྐད་ཆ་གཉིས་སུ་འགྱུར་ངེས།

དེ་ལ་འཁོར་བ་དང་ཁྱིམ་ཚང་ཟེར་ངེས།

 

དེ་ནས་ཡུན་ཙམ་སོང་རྗེས།

ཁྱོད་ལ་ཨ་མ་ཞེས་འབོད་པའི་མགྲོན་པོ་ཆུང་

ཆུང་ཞིག་ཁྱོད་ཚང་ལ་སླེབས་ཤིང་།

དེ་ནི་ཁྱོད་རང་མི་ཚེ་འདིར་འཁེན་སའི་

ལག་རྟེན་དུ་འགྱུར་ངེས།

དེ་ནི་ཁྱོད་ཀྱི་ཟ་རོགས་ཡིན།

ཉལ་རོགས་ཡིན། དགོད་རོགས་ཡིན།

ཐ་ན་ཁྱོད་རང་དུར་སར་བསྐྱལ་མཁན་ཡང་དེ་ཡིན།

 

སྐབས་དེར་ཁྱོད་ནི་འཁོར་བ་གཡས་སུ་བཀལ་ཅིང་།

འགན་འཁྲི་གཡོན་དུ་བཀལ་བའི་ཆུ་གཡག་ཅིག་སྟེ།

འཚོ་བའི་ཁྲོད་ཀྱི་ཐབ་ཀ་དང་སྔ་ང་ཡིན།

ཕྱགས་མ་དང་མེ་འདྲུ་ཡིན།

རྩམ་པ་བརྫི་བྱེད་ཀྱི་དཀར་ཡོལ་དང་།

ཐིག་པ་གཡོ་བྱེད་ཀྱི་ཐོམ་བུའང་ཡིན།

 

དེ་དུས་ཁྱོད་ནི་རང་ཁྱིམ་ལ་གད་བརྡར་བྱ་བའི་ཕྱགས་མ་ཡིན།

བཟའ་མི་ཚོའི་སེམས་ཁོང་ལ་དྲོད་ཁོལ་སྟེར་བའི་མེ་དཔུང་ཡིན།

ཁོ་ཚོས་འགྲོ་ཞོར་འདུག་ཞོར་ལ། ཁྱོད་ལ་ལག་པ་ཕྱི་ངེས།

ལག་པའི་ཕྱི་ནང་གི་ནག་ནོག་ཁོ་ནས།

ཁྱོད་རང་རྨང་ནས་བརྫོད་མི་སྲིད་ཀྱང་།

དྲན་པའི་རས་ཡུག་དཀར་པོའི་ཚོས་ཁ་ནོག་ངེས།

 

མ་སྐྱོ། མ་སྡུག

དེ་དུས་ཀྱང་ཁྱོད་ཀྱི་ཕྱི་ལོགས་ན་སྟོབས་ཤུགས་

གཞན་ཞིག་སྐུང་ཡོད་པ་ང་ཡིན།

ཆུ་གཙང་བོ་འཁྱུག་པའི་ལྟེབ་ཁུག་ན་ཡོད།

ཁྱོད་ཆུ་ཁར་ཤོག་དང་གསང་བས་མཇལ་ཆོག

ཁྱི་རྒྱ་ལིའི་ལྕགས་ཐག་ཕུར་བར་སྦས་ཡོད།

ཁྱོས་ཁྱི་ལྟོ་བླུད་དང་བརྩེ་བས་མཇལ་ཆོག

ཁྱོའི་ལག་གི་དཀར་ཡོལ་འབྲུག་མ་རུ་འཛུལ་ཡོད།

ཁྱོས་འོ་ཇ་བཞེས་དང་མཆི་སྒྲོས་གླན་ཆོག

 

འདི་ལ་གྱེས་བྲལ་དང་དྲན་གདུང་ཟེར།

སྡུག་གི་དངན་པ་ཤུར་ཤུར་འཐེན་ཡང་སྐྱོ་བ་མི་སངས།

དྲན་པའི་མིག་ཆུ་ཤམ་ཤམ་ལྷུང་ཡང་ན་ཟུག་མི་འཇགས།

ཡིན་ཡང་། ངས་སེམས་ལ་ཟགས་ལྷན་སྦྱར་ནས།

མ་མགལ་སོ་ཡིས་བཅིངས་ཏེ་བསྲན་ངེས།

འདི་ནི་དུས་ཀྱིས་བསྐྱལ་ཡོང་བའི་ལས་དབང་ཡིན།


 


  • ལེ་ཚན་སྔོན་མ།:ང་ནི་སློབ་མ་ཞིག་ཡིན།
  • ལེ་ཚན་རྗེས་མ།:གཙང་བོ།