དམེ་ཤུལ་ལྷ་མོ་སྐྱབས། 2019-05-22
ང་ནི་སློབ་མ་ཞིག་ཡིན།
ཚར་ལྭ་ཆུང་ཆུང་ལ་སྐེད་རགས་དམ་པོ་ཞིག་བཅངས་ནས།
བསམ་མེད་ཀྱི་གོམ་ཁ་སློབ་གླིང་གི་སྒོ་མདུན་ལ་བསྒྱུར་མཁན་ཞིག་ཡིན།
རྨི་ལམ་གྱི་ས་ཆེན་ལ་མཐིང་མདོག་གིས་སྤྲས་ཏེ།
དེ་རུ་ཡོད་པའི་བེའུ་དང་ལུ་གུ སྦྲ་གུར་དང་འཚོ་བ་བསྐྱུར་ནས།
ལག་ལ་སྨྱུ་གུ་འཆང་ཏེ་དབྱངས་གསལ་སོ་བཞིའི་འགྱུར་ཁུག་ལ།
དུང་སྣང་གི་མིག་ཟུང་དྲོད་ལམ་མེར་ཡོད་པའི།
བོད་ཀྱི་སློབ་མ་ཞིག་ཡིན།
ང་ནི་སློབ་མ་ཞིག་ཡིན།
ལོོ་ཟླའི་ཁའི་གསེང་ནས་འཚར་ལོངས་ཀྱི་གོ་རིམ་སྒྲིག་བཞིན།
དྭངས་གཙང་གི་བརྩེ་འདང་སློབ་ཁང་གི་ཕྱི་ནང་ནས་བཙལ་ཏེ།
ཚེ་སྲོག་གི་རྨུ་ཐག་ལ་མཛེས་སྡུག་གི་ཁ་དོག་བྱུགས་མཁན་ཞིག་ཡིན།
མཚར་སྡུག་གི་པད་དཀར་བཞིན་འཁྲུངས་པའི་སློབ་གྲོགས་ཚོ་དང་མཉམ་དུ།
རྩེད་འཇོ་དང་གླུ་གར་ལ་རོལ་བའི་སློབ་མ་ཞིག་ཡིན།
ང་ནི་སློབ་མ་ཞིག་ཡིན།
དགའ་སྐྱོས་ཁེངས་བའི་འཆར་ཡན་གྱི་གཏམ་རྒྱུད་མང་པོ་ཞིག་རུམ་ནས།
བར་སྣང་གི་སྤོ་ལོ་དང་མཉམ་དུ་བར་སྣང་ན་འཕུར་གྱིན་པའི།
བྱིས་བློའི་དྲི་མ་ཡལ་བའི་སློབ་མ་ཞིག་ཡིན།
རྒྱང་རིང་གི་ཕུགས་བསམ་ལ་འཚོལ་སྙེག་གིས་མཐུད་དེ།
རང་སེམས་ཀྱི་འོད་སྣང་འཚོལ་བཞིན་པའི་སློབ་མ་ཞིག་ཡིན།
ང་རང་རིམ་གྱིས་ནར་སོན་ཡོད།
ང་ནི་བོད་ཀྱི་སློབ་ཆེན་པ་ཞིག་ཡིན།
མི་རིགས་ཀྱི་བདེ་སྡུག་ཐོད་ལ་གཉེར་ནས།
སྐྱིད་སྡུག་གི་རླབས་རིས་སེམས་ནས་གཉེར་མཁན་ཞིག་ཡིན།
སྲོང་བཙན་སྒམ་པོའི་དབང་ཤུགས་མཐོང་ཞིང་།
ཚངས་དབྱངས་རྒྱ་མཚོའི་གཞས་མདངས་ཐོས་ནས།
བཞུད་སྔ་བའི་མི་ཕོ་མང་པོ་ཞིག
རང་སེམས་ཀྱི་ཟབ་ས་ན་རྡོ་རིང་བཞིན་བསླངས་ནས་ཡོད་པའི་སློབ་མ་ཞིག་ཡིན།
ང་ནི་སློབ་ཆེན་གྱི་སློབ་མ་ཞིག་ཡིན།
ང་ལ་འགན་འཁྲི་མང་པོ་ཞིག་ཡོད།
ང་ལ་ཕ་མ་དང་མི་རིགས་ཀྱིས་བཏོན་པའི་རེ་བ་ཡོད།
ང་ལ་དུས་རབས་ཀྱིས་བཏོན་པའི་རེ་བ་ཡང་ཡོད།
མཚམས་སྤྲིན་གྱི་མཛེས་སྡུག་ལས་ལྷག་པའི་ལྟེ་ཁྲག་དང་པོ།
ཨ་མའི་མངལ་ནས་འཐོར་ཏེ་བོད་གངས་ཅན་གྱི་པང་ཁུག་ཏུ་ལྷུང་ཉིན་ནས།
ང་ལ་གསལ་བྱེད་སུམ་ཅུའི་རྒྱུན་ལ་འདྲེས་པའི།
ཕ་སྐད་སྙན་མོའི་འདེགས་འཇོག་ཡོད་དགོས།
ང་ལ་ཇོ་མོ་གླང་མའི་གཏོས་དང་མཉམ་པའི།
བརྗིད་ཆགས་བསམ་བློའི་སྤོབས་པ་ཡོད་དགོས།
ང་ལ་གངས་དཀར་རི་བོའི་མདངས་ལ་འཁུ་བའི།
ལྷག་བསམ་གཙང་མའི་བསམ་བློ་ཡོད་དགོས།
ང་ལ་འགྲོ་དྲུག་སེམས་ཅན་བདེ་ལ་འགོད་པའི།
བྱམས་དང་སྙིང་རྗེའི་སེམས་རྒྱུད་ལྡན་དགོས།
ང་ནི་སློབ་ཆེན་གྱི་སློབ་མ་ཞིག་ཡིན།
ང་རང་བདེ་སྣང་གིས་བཟི་ནས་ལོ་རྒྱུས་ཀྱི་རྨ་ཁ་ལ་ཁྲེལ་མེད་བྱ་མི་ཉན།
ང་རང་ཞེན་ཆགས་ཀྱིས་གཙེས་ནས་ཕ་མེས་ཀྱི་རེ་བ་ལ་ནག་ཐིག་ཕབ་མི་ཉན།
ང་རང་བག་ལྷོད་ལྷོད་དང་ཞེ་འཁུམ་འཁུམ་ངང་གཉིད་དུ་ཡུར་ནས།
དུས་རབས་ཀྱི་འཕེལ་འགྲོས་ལ་མགོ་བོ་རྨོངས་མི་ཉན།
ང་རང་མདུན་དུ་བསྐྱོད་དགོས།
ཡིད་ཀྱི་ནགས་ཀློང་ནས་ཁུ་བྱུག་གི་སྐད་སྙན་སྒྲོག་མཁན་ང་ཡིན།
སེམས་ཀྱི་སྤང་ཁུག་ནས་རྟ་ཕོའི་འཚེར་སྐད་སྒྲོག་མཁན་ང་ཡིན།
ང་ང་གཅིག་པོ་ག་ལ་ཡིན། ང་ནི་མི་རིགས་ཀྱི་རེ་བ་ཡིན།
ང་ནི་རེ་བའི་མགོ་རྩོམ་ས་ཡིན། ལས་ཀྱི་དབུ་ཚུགས་ས་ཡིན།
ང་ནི་བོད་ཀྱི་སློབ་ཆེན་པ་ཞིག་ཡིན།
འཚོ་བ་དང་ཁ་ཐག་ཉེ་ས་ནས་རང་ཉིད་འཚོལ་ཐུབ་མཁན་ཞིག་ཡིན།
མི་ལོ་ཉི་ཤུའི་རྡོག་མགོར་སྤོབས་པས་མནན་ནས།
ལོ་རྒྱུས་ཀྱི་བྱུང་རིམ་དང་གླེགས་བམ་གྱི་ཉིན་སྲུབ་བར་ན།
དགའ་སྐྱོ་ཆགས་སྡང་གི་སེམས་འདུན་གླུ་རུ་བླངས་ནས།
ཆེས་ཐོག་མའི་རྨི་ལམ་ལ་སྙན་ངག་གི་ང་རོ་སྩོལ་མཁན་ཞིག་ཡིན།
ལོ་ཟླ་རིམ་ཟད་ཀྱི་གཅོང་རོང་བརྐོས་ནས།
ཉི་ཟླའི་བརྩེགས་རིམ་གྱི་བརྒལ་གཞུང་ན།
རང་སྟེང་གི་འོད་སྣང་ཕྲན་བུ་ལ་བརྟེན་ནས།
ས་ཆེན་ཨ་མའི་པང་ཁུག་ན་ལྷམ་མེར་བཀྲ་བའི།
ཐོ་རངས་ཀྱི་སྐར་མ་ཞིག་ཡིན།
མདོར་དེད་ན། ང་ནི་བོད་ཀྱི་སློབ་ཆེན་པ་ཞིག་ཡིན།
བྱིས་པ་ཚོའི་བློ་གྲོས་ཀྱིས་བྲིས་པའི།
དབྱངས་གསལ་ལ་སེམས་ཀྱིས་བསྙབ་མཁན་ཞིག་ཡིན།
ཕུ་ནུ་ཚོའི་བགོ་སྐལ་གྱི་ཕྲེང་བར་བརྒྱུས་པའི།
མཐུན་སྒྲིལ་གྱི་ལག་རྡང་ལ་སྙིང་གིས་བསྐྱོར་མཁན་ཞིག་ཡིན།
ཡབ་མེས་ཚོའི་རྣམ་དཔྱོད་ཀྱིས་བཞེངས་བའི།
སེམས་ཀྱི་མུ་ཁྱུད་ལ་རེ་བས་ཉན་མཁན་ཞིག་ཡིན།
དཔའ་རྒོད་ཚོའི་སྙིང་སྟོབས་ཀྱིས་བརྩིགས་པའི།
ཕྱི་ཡི་མཁར་རྫོང་ལ་མིག་གིས་ལྟ་མཁན་ཞིག་ཡིན།
མདོར་དེད་ན། ང་ནི་བོད་ཀྱི་སློབ་ཆེན་པ་ཞིག་ཡིན།
རྩོམ་གསར། 10