དྲིན་ཕ་མའི་ཡན་ན་དྲིན་ཆེན་མེད།

དམེ་ཤུལ་ལྷ་མོ་སྐྱབས།        2019-05-22

དགུང་ཁའི་མཚམས་སྤྲིན་དམར་པོའི་བཞུར་རྒྱུན་དང་འགྲོགས་ནས།།

ཉི་གཞོན་གཡོར་གྲུར་བསྐྱོད་པའི་སྲོད་དུས་ལ་བསླེབས་ཐལ།།

ཕ་མའི་བྱམས་བརྩེ་འཁྱིལ་བའི་ཁང་ཆུང་གི་ནང་ནས།།

སྨྲེང་བའི་གཞས་ཆུང་ལེན་མཁན་དམེ་ཤུལ་གྱི་བུ་ངས།།

 

ཤུགས་རིང་རླུང་ལ་བསྐུར་བའི་ངལ་གསོ་ལ་རོལ་དུས།།

ལྷན་འཛོམས་སྤྲོ་དགའི་བཟི་བའི་བྱ་ཚང་ལ་འཕྲད་ཐལ།།

བཀའ་དྲིན་མཚུངས་མཐའ་མེད་པའི་དྲིན་ཆེན་གྱི་ཕ་མ།།

སྐུ་ལུས་བདེ་མོ་ཡིན་ནམ་འཚམ་འདྲི་ལ་རེམ་སོང་།།

 

འགྱུར་མེད་དམ་བཅའ་བརྟན་པོའི་སྲུང་འཁོར་དང་མ་བྲལ།།

ཅོང་སྒྲའི་རྨི་ལམ་དཀྲོག་པའི་ན་ཟུག་ལ་མ་སྐྲག །

སྙན་འཇེབས་ངག་གི་གླུ་ཡི་གདངས་འགྲོས་དང་འགྲོགས་ནས།།

ཤེས་རིག་མེ་ཏོག་འཐུ་བའི་ཆུང་གྲོགས་དང་མཉམ་དུ།།

 

སྙན་ངག་རྐྱང་རྐྱང་བྲིས་ནས་སྨྱུག་རྩེ་དེ་ཟད་ཐལ།།

སྤྱི་ཚོགས་གཉིད་ལས་སློང་བའི་བྱིན་རྦས་ཡང་མ་སྨིན།།

རང་འདོད་རང་གིས་བསྒྲུབས་ནས་མཐོ་གཅིག་ལ་ཐོན་དུས།།

འདང་རྒྱག་གནམ་ངོ་རུབ་པའི་སྟ་གོན་ལ་ཆས་སོང་།།

 

ཁ་བ་མར་མར་བབས་པའི་སེམས་སྡུག་གིས་མནར་ཐལ།།

སྨིག་པ་ཚུར་ཚུར་འཐིབས་པས་མཐོང་ལམ་ཡང་བསྒྲིབས་ཐལ།།

རྒྱང་རིང་ས་མཐའི་གྲོང་གི་དྲིན་ཆེན་གྱི་ཕ་མ།།

ཞལ་གྱི་དཀྱིལ་འཁོར་ཡུལ་ལ་ཡང་ཡང་རང་འཁོར་བྱུང་།།

 

ཚིག་རྩུབ་སྐྱོན་གྱིས་མ་གོས་འཛུམ་ལྡན་གྱི་ཁ་ནས།།

གཅེས་ཕྲུག་བདེ་མོ་འདྲི་བའི་སྐད་སྐུར་ཡང་བཏང་བྱུང་།།

དཀའ་ཚེགས་ལས་ཀའི་བར་ན་འདང་རྒྱག་གིས་བྲེལ་བའི།།

སྲིང་མོ་རྒྱབ་ལ་ཁུར་བའི་ཕ་མ་གཉིས་དྲན་བྱུང་།།

 

འཇམ་པོ་གོས་ཤིག་ཡོད་ན་རང་ཉིད་ཀྱིས་མ་གྱོན།།

ཞིམ་པོ་ཟས་ཤིག་ཡོད་ན་བུ་ཕྲུག་ལ་དགོས་ཞེས།།

རྔུལ་ཆུ་ཁྲོམ་ཁྲོམ་འཐོར་བའི་ཞིང་ལས་དང་འགྲོགས་ནས།།

ལག་ངོ་སེར་གས་བཀང་བའི་ཕ་མ་གཉིས་དྲན་བྱུང་།།

 

ཟས་ཀྱི་ལྷག་འཕྲོ་ཟ་བའི་འཛུམ་ལྡན་གྱི་ཨ་མས།།

ཁྱིམ་གྱི་དཀའ་ཁེག་ཐམས་ཅད་མགོ་ཐོག་ཏུ་བླངས་ནས།།

ཆུ་ཚོད་མདའ་རྩེ་ལྡང་བའི་ཐག་སྒྲ་དང་མཉམ་དུ།།

ལྷག་བསམ་ཟུང་ཞིམ་མེ་ཏོག་ཁྱིམ་ནང་དུ་བསུས་བྱུང་།།

 

དུས་བཞི་བར་མེད་སྐུ་ཚེགས་སྣ་ཚོགས་ཀྱིས་གདུངས་ནས།།

དྲིན་ཆེན་ཕ་ལོར་མི་འདོད་ནད་སྙིང་གིས་བསྡམས་སོང་།།

ཁྱིམ་གྱི་དྲོད་ཁོལ་ཡལ་བའི་སྡུག་བསྔལ་ལ་འཕྲད་ཀྱང་།།

མགོ་བ་སྒུར་བ་མེད་པའི་ཕ་ལོ་ལགས་བྲིས་ན།།

 

ནོར་ལུག་རི་ལ་འདེད་དགོས་འཚོ་གནས་ཀྱི་རྟེན་གཞི།།

ཅི་འཛོམས་ཁྱིམ་ལ་ཡོད་དགོས་ཁྱིམ་ཚང་གི་དགོས་མཁོ།།

ཚ་གྲང་ངལ་དུབ་སྡུག་བསྔལ་སྣ་ཚོགས་དང་འགྲོགས་ནས།།

འཁོར་བ་སྐྱོང་ཐབས་བྱེད་དགོས་འཇིག་རྟེན་གྱི་འགྲོ་སྲོལ།།

 

ཚད་མེད་དྲིན་གྱིས་བསྐྱངས་པའི་བཀའ་དྲིན་དེ་བསམ་དུས།།

དྲན་གདུང་མཆི་མ་དམར་པོ་ཆུ་མོ་ལ་འདྲེས་སོང་།།

ཕ་ལོ་ནད་ལས་གྲོལ་དགོས་བླ་མ་དང་དཀོན་མཆོག །

མ་བུ་ལྷན་ཅིག་འཛོམས་པའི་བསྐལ་བཟང་དེ་ཤར་དགོས།།

 

འཛུམ་མདངས་ལྷག་ལྷུག་དགོད་པའི་ཞལ་རས་ཀྱི་དཀྱིལ་འཁོར།།

མི་སྡུག་གཉེར་མས་ཁེངས་པའི་ཕ་མ་གཉིས་དྲན་ནས།།

སྨྲེང་སྐྱོའི་གླུ་ཡི་སྨྲེ་སྔགས་སློབ་གྲྭ་ནས་བླངས་པ།།

བསོད་ནམས་རླབས་ཆེན་བསགས་པའི་ལས་སྐལ་ལ་རེམ་ཡོད།།

 

བསམ་མེད་བྱིས་པའི་དུས་ཀྱི་སྣང་ཚུལ་དག་དྲན་ན།།

ཁ་ལོག་མིག་ལོག་བྱས་པའི་ལས་ངན་རེ་བསགས་ཡོད།།

ད་ལྟ་འགྱོད་གདུང་དྲག་པོས་སྙིང་དབུས་ནས་བཤགས་སོ།།

རྗེས་སོར་བརྩི་བཀུར་བྱེད་པའི་དམ་བཅའ་ཞིག་འབུལ་ལོ།།

 


  • ལེ་ཚན་སྔོན་མ།:རྗེས་དྲན་དད་པའི་རླབས་ཕྲེང་།
  • ལེ་ཚན་རྗེས་མ།:ང་ནི་སློབ་མ་ཞིག་ཡིན།